དབྱིན་ཇིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ལྔ་ཉིན་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཁབ་དེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་དང་སྟོང་བདུན་བརྒྱད་བརྒྱ་དྲུག་ཏུ་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་ལྔ་དང་དགུ་བརྒྱ་གསུམ་ཇེ་མང་དུ་སོང་ཡོད། རིམ་རྩིས་ཀྱིས་ནད་པ་སྟོང་བཞི་དང་དགུ་བརྒྱ་སོ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།
དེའི་སྔོན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་ངོས་འཛིན་བྱས་ཏེ་རང་ཉིད་ཁ་ཁར་བྱས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་ཚེས་ལྔ་ཉིན་གྱི་དགོང་མོར་སྨན་ཁང་དུ་བསྡད་དེ་ཞིབ་བཤེར་དང་ལེན་བྱས། དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། དབུ་བཞུགས་བློན་ཆེན་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་གཏན་འཁེལ་བྱས་པའི་ཉིན་བཅུའི་རྗེས་སུ་སྔར་བཞིན་ཚ་བརྒྱག་པ་སོགས་ཀྱི་ནད་རྟགས་ཡོད་པས། སྨན་པས་ཁོ་རང་སྨན་ཁང་དུ་འདུག་དགོས་པའི་གྲོས་གཞི་བཏོན་པ་དང་། བྱེད་ཐབས་དེ་ནི་སྔོན་འགོག་རང་བཞིན་ཅན་ཡིན་ཟེར། གསལ་སྒྲོག་ལས་དབུ་བཞུགས་བློན་ཆེན་ནི་ནད་ཚབས་ཆེན་ཡིན་པས་བྲེལ་མྱུར་ངང་སྨན་ཁང་དུ་བསྡད་པ་མིན་པ་དམིགས་སུ་བཀར་ནས་ནན་བཤད་བྱས།
དབྱིན་ཇིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་གྱི་དགོང་མོར་དབྱིན་ཇིའི་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པའི་དམིགས་བསལ་གཏམ་བཤད་ཁྱབ་སྒྲོག་བྱས། རྒྱལ་མོས་སྨན་བཅོས་ལས་བྱེད་མི་སྣར་བཀའ་དྲིན་ཞུས་པར་མ་ཟད། མང་ཚོགས་དག་གིས་རང་གཅུན་དང་ཆོད་སེམས་བརྟན་པོས་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། སྔོན་ནས་བརྙན་ཕབ་བྱས་པའི་གཏམ་བཤད་ཁྲོད་དུ་རྒྱལ་མོས་ད་རུང་དབྱིན་ཇི་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་ནན་བཤད་བྱས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།