ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་བར། ཨ་མེ་རི་ཁའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་ཁྲི་གཅིག་ལས་བརྒལ་ནས། བསྡོམས་པས་ཁྲི་གཅིག་དང་སུམ་བརྒྱ་སོ་ལྔར་བསླེབ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཉིག་ཡོ་ཀྲིག་ཏུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བོ་ཡིན་ལ། ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གསུམ་ལས་བརྒལ་བ་དང་་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་བཞི་དང་བདུན་བརྒྱ་ང་བརྒྱད་དུ་བསླེབ་ཡོད། དེ་ལས་གཞན་ཞིན་ཙེ་ཞི་ཀྲིག་ཏུ་ནད་པ་དགུ་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མུས་ཞེ་ཀིན་ཀྲིག་ནས་ནད་པ་དྲུག་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་ཤོར། ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་ནས་ནད་པ་སུམ་བརྒྱ་དང་ལྔ་བཅུ་རྐྱེན་ལམ་དུ་ཤོར།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁར་རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་འབུམ་གསུམ་དང་ཁྲི་བཞི་སྟོང་བདུན་དང་གསུམ་དུ་བསླེབ་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱ་ང་གསུམ་དྲག་སྐྱེད་བྱུང་ཡོད།
གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོའི་རིམས་ནད་སྙན་ཞུ་ལས་ཐོན་པ་ཡིན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།