དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གིས་ཚེས་དྲུག་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་ཡི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་ཁྲི་དགུ་དང་སྟོང་གསུམ་ཉིས་བརྒྱ་ཞེ་ལྔ་དྲག་སྐྱེད་བྱུང་ནས། དྲག་སྐྱེད་བྱུང་བའི་ནད་པའི་གྲངས་ཀ་རིམས་ནད་འགོས་པའི་མི་གྲངས་ལས་བརྒལ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལིའི་ཚེས་དྲུག་ཉིན་དྲག་སྐྱེད་བྱུང་བའི་ནད་པ་སྟོང་བརྒྱད་དང་བཅུ་བཞི་ལ་སླེབས་པ་དང་། བསྡོམས་པས་ནད་པ་ཁྲི་དགུ་དང་སྟོང་གསུམ་ཉིས་བརྒྱ་ཞེ་ལྔ་དྲག་སྐྱེད་བྱུང་། ད་ཡོད་ཀྱི་ནད་པའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་སྟོང་དྲུག་དང་དགུ་བརྒྱ་སོ་དགུ་ཇེ་ཉུང་དུ་སོང་ནས། ཁྲི་དགུ་དང་སྟོང་གཅིག་ལྔ་བརྒྱ་ཉེར་བརྒྱད་དུ་ཇེ་ཉུང་ལ་སོང་། དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གིས་བཤད་རྒྱུར། དྲག་སྐྱེད་བྱུང་བའི་ནད་པའི་མི་གྲངས་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་ནི། རིམས་ནད་ཆེས་ཛ་དྲག་ཆེ་བའི་ལུན་པ་ཏེ་ས་ཁུལ་གྱི་ཉིན་འགའི་སྔོན་དུ་གྲངས་ཀའི་ནང་མ་རྩིས་པའི་དྲག་སྐྱེད་བྱུང་བའི་མི་གྲངས་ཚེས་དྲུག་ཉིན་གྱི་གཞི་གྲངས་ཁྲོད་བཞག་པའི་རྐྱེན་ཡིན་ཟེར།
ཚེས་དྲུག་ཉིན་དབྱི་ཐ་ལི་རུ་པྲོག་གསར་གློ་ཚད་ཀྱི་ནད་པ་སྟོང་གཅིག་བཞི་བརྒྱ་ཞེ་བཞི་ཇེ་མང་དུ་སོང་བ་དང་། བསྡོམས་པས་ནད་རྟགས་ངོས་འཛིན་བྱས་པའི་ནད་པ་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞི་བཞི་བརྒྱ་ང་བདུན་ལ་སླེབས། ཉིན་དེར་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་རེ་དགུ་ལ་ཡོད་པ་དང་། བསྡོམས་པས་ཁྲི་གཉིས་དང་སྟོང་དགུ་དྲུག་བརྒྱ་གྱ་བཞི་ལ་སླེབས། ད་ཡོད་ཀྱི་ནད་པ་དེ་དག་ཁྲོད། ནད་པ་ཁྲི་བདུན་དང་སྟོང་བཞི་བཞི་བརྒྱ་ཉེར་དྲུག་ཁྱིམ་དུ་ལོགས་བཀར་བྱས་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་ལྔ་བདུན་བརྒྱ་རེ་དགུ་ཡིས་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད་ལ། ནད་པ་སྟོང་གཅིག་དང་སུམ་བརྒྱ་སོ་གསུམ་གྱིས་ནད་ལྕི་མོའི་ལྟ་རྟོག་ཁང་དུ་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད་ཟེར།