ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་སྟོང་དྲུག་དགུ་བརྒྱ་དང་གོ་གཅིག་ཇེ་མང་དུ་སོང་ཞིང་འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་ཞེ་བརྒྱད་འཕར་སྣོན་བྱུང་།
སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཉིས་དང་སྟོང་གཅིག་ལྔ་བརྒྱ་གོ་ལྔ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་དྲུག་བརྒྱ་དང་གྱ་དགུ་ཇེ་ཉུང་དུ་སོང་། ནད་པ་སྟོང་གཉིས་དང་ལྔ་བརྒྱ་ཞེ་གཉིས་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། དུས་ཚོད་ཉེར་བཞིའི་ནང་ནད་པ་བརྒྱ་དང་བདུན་ཅུ་ཇེ་ཉུང་ལ་སོང་།
ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པའི་ནད་པ་བདུན་བརྒྱ་དང་བརྒྱད་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་བཞི་ཉིས་བརྒྱ་ཉེར་བདུན་ལ་སླེབས་ཤིང་། དེའི་ནང་དུ་ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་ཁྲི་གསུམ་དང་སྟོང་ལྔ་བཞི་བརྒྱ་སོ་བདུན་ཡོད་པ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་ཉིས་བརྒྱ་དང་ཞེ་གཉིས་འཕར་སྣོན་བྱུང་།