དབྱི་ཐ་ལིའི་དཔོན་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། གཟའ་འཁོར་རྗེས་མ་ནས་བཟུང་མི་ཁྲི15བདམས་ནས་དྭངས་ཁྲག་རིག་པའི་ཞིབ་དཔྱད་ཚད་ལེན་བྱས་ཏེ། རྒྱལ་ཁབ་དེའི་པྲོག་དབྱིབས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ནུས་པར་ཤུགས་སྣོན་རྒྱག་རྒྱུ་རེད།
དབྱི་ཐ་ལིའི་པྲོག་གསར་རིམས་ནད་འཕྲལ་སྡོམ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་ཨུ་ཡོན་ཨ་ཨར་ཁུའུ་ལི་ཡིས་ཉིན་དེར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་དོན། འཕྲོད་བསྟེན་སྡེ་ཁག་གིས་ལོ་ན་དང་ཕོ་མོ། ལས་ཞུགས་ཀྱི་གནས་ཚུལ་སོགས་ལ་གཞིགས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཁྲི15བདམས་ནས་དྭངས་ཁྲག་རིག་པའི་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་རེད། བྱེད་ཐབས་འདིས་དབྱི་ཐ་ལིའི་ནད་ཡམས་གནས་ཚུལ་ལ་སྔར་ལས་ཤེས་རྟོགས་བྱས་ཏེ། འབྲེལ་ཡོད་ཁ་གཏད་གཅོག་ཐབས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་ཟེར།
དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་པུའུ་ཡིས་ཚེས23ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། རྒྱལ་ཁབ་དེར་ད་ཆ་ཁྲོག་དབྱིབས་རིམས་ནད་གསར་པ་ཕོག་པའི་ནད་པའི་ཁ་གྲངས་ཉིན་སྔོན་མ་ལས་ནད་པ1570ཇེ་ཉུང་དུ་ཕྱིན་ནས། ནད་པ57752བར་མར་ཆག་ཡོད། ད་ཡོད་ཀྱི་ནད་པའི་ཁྲོད་དུ་མི48485ཁྱིམ་ན་ལོགས་སུ་བཀར་ཡོད། མི8695ཡིས་སྨན་ཁང་དུ་སྤྱིར་བཏང་གི་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད་ཅིང་། ་མི572ནད་ལྕི་ལྟ་སྐྱོང་ཁང་དུ་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད། སྤྱིར་བཏང་གི་སྨན་ཁང་དུ་སྡོད་པའི་ནད་པ་དང་ནད་པ་ལྕི་མོའི་ཁ་གྲངས་ནི་ ཉིན་སྔོན་མ་དང་བསྡུར་ན། སོ་སོར་ནད་པ262དང་ནད་པ23ཡིས་ཇེ་ཉུང་དུ་སོང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།