ཧྥ་རན་སི་སྲིད་གཞུང་དྲ་ངོས་སུ་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་ང་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་དང་བདུན་བརྒྱ་ང་གསུམ་ལ་བསླེབས།
གཞི་གྲངས་ལས་མངོན་པ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་ཉེར་གཉིས་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་ང་བརྒྱད་ཇེ་ཉུང་དུ་སོང་། ནད་པ་སྟོང་གཅིག་དང་སུམ་བརྒྱ་བཅུ་དགུ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་དྲུག་ཇེ་ཉུང་དུ་སོང་།
ཧྥ་རན་སིའི་ནོར་སྲིད་པུའུ་ཀྲང་ལེ་མེ་ཨར་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་དབང་གིས་ཧྥ་རན་སི་རྒྱལ་ཁབ་ཀྱི་ཟ་ཁང་དང་མགྲོན་ཁང་། གནས་སྐོར་ལས་རིགས་ལ་གནོད་པ་ཆེན་ཐེབས། ཧྥ་རན་སི་སྲིད་གཞུང་གིས་མུ་མཐུད་དུ་ལས་རིགས་དེ་དག་ལ་རྣམ་པ་མི་འདྲ་བའི་སྒོ་ནས་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན་ཟེར།