ཨེ་ཅིབ་རྒྱལ་ནང་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་རེ་ལྔ་འཕར་སྣོན་བྱུང་།
2020.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་བཤད་དོན། ཨེ་ཅིབ་རྒྱལ་ནང་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་རེ་ལྔ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་གསུམ་དང་སྟོང་ལྔ་བཞི་བརྒྱ་ཞེ་བཞི་ལ་སླེབས། ཉིན་དེར་ནད་པ་བཞི་བརྒྱ་དང་བཅུ་བཞི་དྲག་སྐྱེད་བྱུང་བ་དང་བསྡོམས་པས་ནད་པ་སྟོང་དགུ་དང་སུམ་བརྒྱ་དོན་ལྔ་དྲག་སྐྱེད་བྱུང་། ནད་པ་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་བསྡོམས་པས་ནད་པ་སྟོང་གཅིག་དང་ཉིས་བརྒྱ་དོན་གཅིག་རྐྱེན་ལམ་དུ་ཤོར།

ཨེ་ཅིབ་གྲོས་ཁང་གི་གྲོས་དཔོན་ཨ་ལིས་ཀྱིས་ཚེས་བརྒྱད་ཉིན་བསྡུས་པའི་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་དོན། སྒེར་བཙུགས་སྨན་ཁང་ཁ་ཤས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་སྨན་ཡོན་མཐོན་པོ་ལེན་བཞིན་ཡོད། ཉེ་ལམ་བཟོ་བཅོས་བྱས་པའི་བྲེལ་མྱུར་གནས་ཚུལ་བཅའ་ཁྲིམས་ལྟར། ཙུང་ཐུང་གིས་སྲིད་གཞུང་ལ་དབང་གནང་སྟེ་སྒེར་བཙུགས་སྨན་ཁང་གི་སྨན་ཡོན་ལ་ཚོད་འཛིན་བྱས་ནས་ནད་པའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ཟེར།

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་། ཨེ་ཅིབ་ཀྱིས་མུ་མཐུད་དུ་གཟའ་འཁོར་གཉིས་ལ་མཚན་མགྲོན་བཀག་འགོག་བྱེད་རྒྱུ་ལག་བསྟར་བྱས་ཤིང་། མཚན་མགྲོན་འགོག་པའི་དུས་ཚོད་ནི་ཉིན་རེའི་དུས་ཚོད་ཉི་ཤུ་ནས་སང་ཉིན་གྱི་དུས་ཚོད་དྲུག་བར་ཡིན། མང་ཚོགས་ཀྱིས་ཚོང་ཁང་དང་ཚོང་ར། དངུལ་ཁང་། སྲིད་གཞུང་ལས་ཁུངས་སོགས་སུ་ཅིས་ཀྱང་ཁ་ཐུམ་བརྒྱག་དགོས་པ་དང་གལ་ཏེ་ཁ་ཐུམ་མ་བརྒྱབ་ན་ཆད་པ་གཅོད་ངེས་རེད།