ཨེ་ཅིབ་རྒྱལ་ནང་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་བཅོ་བརྒྱད་འཕར་སྣོན་བྱུང་།
2020.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་བཤད་དོན། ཨེ་ཅིབ་རྒྱལ་ནང་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་བཅོ་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་བཞི་དང་སྟོང་བཞི་ལྔ་བརྒྱ་གོ་བརྒྱད་ལ་སླེབས་ཤིང་། དྲག་སྐྱེད་བྱུང་བའི་ནད་པ་བཞི་བརྒྱ་དང་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་སོ་གཅིག་དྲག་སྐྱེད་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་གོ་གཅིག་འཕར་སྣོན་བྱུང་ཞིང་བསྡོམས་པས་ནད་པ་སྟོང་གཅིག་དང་ལྔ་བརྒྱ་དོན་ལྔ་རྐྱེན་ལམ་དུ་ཤོར།

ཨེ་ཅིབ་དམངས་སྐྱོད་མཁའ་འགྲུལ་པུའུ་ཀྲང་མཱ་ན་ཨར་གྱིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཨེ་ཅིབ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་གནམ་གྲུ་གཏོང་ཐེངས་རིམ་བཞིན་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཨེ་ཅིབ་གནས་སྐོར་དང་རིག་དངོས་པུའུ་ཀྲང་ཨ་ན་ཉི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཨེ་ཅིབ་རྒྱལ་ཁབ་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཅུང་ཡང་བའི་ཞི་ནའེ་ལྷོ་མའི་ཧྲིན་དང་ཧོང་ཧེ་ཧྲིན། མ་ཐི་ལུའུ་ཧྲིན་བཅས་ཀྱིས་གནས་སྐོར་ལས་རིགས་སླར་གསོ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བར་སྣེ་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

                                                                                        ལོ་ཙྭ་བ། བཀྲ་ཤིས་འབུམ།