བྷང་ག་ལ་རྒྱལ་ཁབ་ཏུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་བདུན་བརྒྱ་སོ་བརྒྱད་འཕར་སྣོན་བྱུང་།
2020.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

བྷང་ག་ལ་རྒྱལ་ཁབ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བར་སྤྱི་བསྡོམས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། བྷང་ག་ལ་རྒྱལ་ཁབ་ཏུ་འདས་པའི་དུས་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་བདུན་བརྒྱ་སོ་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་དང་བཞི་བརྒྱ་བཅུ་བདུན་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ང་ལྔ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་སྟོང་གཉིས་དང་ང་གཉིས་རྐྱེན་ལམ་དུ་ཤོར། དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཅིག་དང་དགུ་བརྒྱ་དང་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་བདུན་དང་སྟོང་གཉིས་དྲུག་བརྒྱ་ཉེར་ལྔ་དྲག་སྐྱེད་བྱུང་།

བྷང་ག་ལ་རྒྱལ་ཁབ་སྲིད་གཞུང་ལས་ཁུངས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་སྐོར་ཐེངས་གསར་བའི་རིམས་འགོག་བྱེད་ཐབས་ཁྱབ་བསྒྲགས་བྱས། ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཟླ་བརྒྱད་པའི་ཚེས་གསུམ་ཉིན་བར། མང་ཚོགས་རྣམས་བྱ་འགུལ་སྣ་ཚོགས་ལ་ཞུགས་པ་དང་ཡང་ན་ཕྱི་ལ་འགྲོ་སྐབས་ངེས་པར་དུ་ཁ་ཐུམ་བརྒྱག་དགོས་པ་དང་འདུ་ཚོགས་མི་བྱེད་པ། འབྲེལ་ཡོད་འཕྲོད་བསྟེན་གཏན་འཁེལ་བརྩི་སྲུང་ནན་མོ་བྱེད་དགོས། ཉིན་རེའི་དགོང་མོའི་དུས་ཚོད་བཅུ་ནས་སང་ཉིན་གྱི་དུས་ཚོད་ལྔའི་བར་དུ་དམིགས་བསལ་གནས་ཚུལ་ལས་གཞན་མང་ཚོགས་རྣམས་ཕྱི་ལ་སོང་མི་ཆོག ཚོང་ཁང་གིས་དགོང་མོའི་དུས་ཚོད་བཅུ་དགུའི་སྟེང་སྒོ་བརྒྱག་དགོས་པ་དང་སློབ་གསོ་སྒྲིག་གཞིས་སྔར་བཞིན་སྒོ་བརྒྱག་དགོས་པ་དང་རྒྱང་བསྟེན་སློབ་གསོའི་བྱེད་ཐབས་སྤྱོད་དགོས་ཟེར།

                                                                                     ལོ་ཙཱ་བ། བཀྲ་ཤིས་འབུམ།