དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད།
2020.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

དབྱི་ཐ་ལི་འཕྲོད་བསྟེན་པུའུ་ཡིས་ཚེས་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་ཞེ་གཉིས་ཡོད་པ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་ཉེར་གཅིག་ཇེ་མང་དུ་སོང་བས། ཟླ་གཉིས་ལྷག་གི་རིང་ལ་ཐོག་དང་པོར་ནད་པའི་ཁ་གྲངས་བསྐྱར་འཕར་བྱུང་།

དབྱི་ཐ་ལི་རྒྱལ་ཁབ་ཀྱི་ས་ཁུལ་ཆེན་པོ་ཉི་ཤུའི་ནང་གི་ས་ཁུལ་ཆེན་པོ་བདུན་གྱི་ད་ཡོད་ནད་པའི་ཁ་གྲངས་དེ་སྔ་ཉིན་དང་བསྡུར་ན་ཇེ་མང་དུ་སོང་བ་དང་། ས་ཁུལ་ཆེན་པོ་བདུན་གྱི་ནད་པའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། ས་ཁུལ་ཆེན་པོ་གཞན་པ་དྲུག་གི་ནད་པའི་ཁ་གྲངས་སྔ་ཉིན་དང་འདྲ་མཉམ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གོ་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཉིས་དང་ཁྲི་བཞི་སྟོང་གཅིག་དང་དྲུག་བརྒྱ་བཅུ་གཅིག་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་བརྒྱ་དང་རེ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་གཉིས་དང་བརྒྱ་དང་བརྒྱད་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་བདུན་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་རེ་གཅིག་རྐྱེན་ལམ་དུ་ཤོར།

དབྱི་ཐ་ལི་འཕྲོད་བསྟེན་པུའུ་ཀྲང་སི་ཕེ་ལན་ཀྲ་ཡིས་ཚེས་ལྔ་ཉིན་བཤད་དོན། པྲོག་དབྱིབས་ནད་དུག་སྔར་བཞིན་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པས་མིའི་བདེ་ཐང་ལ་ཉེན་ཁ་ཧ་ཅང་ཆེ། ནད་དུག་འགོས་པའི་ནད་པས་ལོགས་བཀར་མི་བྱེད་ན་ཟླ་གསུམ་ནས་ཟླ་བཅོ་བརྒྱད་ཀྱི་བཀག་སྐྱིལ་བྱེད་པ་དང་དེ་མིན་ཡོ་སྒོར་སྟོང་ལྔ་ཡིས་ཆད་པ་གཅོད་ངེས་ཡིན་ཟེར།

                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།