འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གཏན་འཁེལ་བྱས་པའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཅིག་སྟོང་བཞི་དགུ་བརྒྱ་ང་བདུན་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་བདུན་ཉིན་གྱི་ཆུ་ཚོད་བཅུ་པའི་སྟེང་བར་དུ། (པེ་ཅིང་གི་དུས་ཚོད་ཆུ་ཚོད་བཅུ་དྲུག་པ)ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་པ་གཏན་འཁེལ་བྱས་པའི་ནད་པ་དེ་ཉིན་གོང་མ་དང་བསྡུར་ན་འབུམ་གཅིག་དང་ཁྲི་བདུན་སྟོང་གཉིས་བཞི་བརྒྱ་གྱ་བདུན་གྱིས་ཇེ་མང་དུ་ཕྱིན་ནས། ད་ཡོད་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཅིག་སྟོང་བཞི་དགུ་བརྒྱ་ང་བདུན་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་ཤི་བའི་ནད་པ་ཉིན་སྔོན་མ་ལས་སྟོང་གསུམ་དང་བཞི་བརྒྱ་བཅུ་དགུ་ཡིས་ཇེ་མང་དུ་འཕར་ནས་ད་ཡོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་འབུམ་བཞི་དང་ཁྲི་གསུམ་སྟོང་གཅིག་བརྒྱ་དང་བཅུ་གཅིག་ལ་སླེབས་ཡོད།
འཛམ་གླིང་ཡོངས་སུ་ ནད་རྟགས་གསར་པ་གཏན་འཁེལ་བྱས་པའི་ནད་པ་སྔོན་མ་དང་བསྡུར་ན་འབུམ་གཅིག་དང་ཁྲི་བདུན་སྟོང་གཉིས་ལྔ་བརྒྱ་བཅུ་གཉིས་འཕར་ནས་ཁྱོན་བསྡོམས་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་སུམ་བརྒྱ་གཉིས་ལ་སླེབས་པ་དང་། ཤི་བའི་ནད་པ་ནི་ཉིན་སྔོན་མ་དང་བསྡུར་ན་སྟོང་གསུམ་དང་བཞི་བརྒྱ་བཅུ་དགུ་ཡིས་ཇེ་མང་དུ་འཕར་ནས་ཁྱོན་བསྡོམས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་བཞི་དང་ཁྲི་གསུམ་སྟོང་ལྔ་བདུན་བརྒྱ་ང་དགུ་ལ་སླེབས་ཡོད།
ལོ་ཙཱ་བ། བན་དེ་སྐྱབས།