ཨ་མེ་རི་ཁ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གསུམ་དང་འབུམ་ལྔ་ལས་བརྒལ།
2020.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཨ་མེ་རི་ཁའི་ཡོ་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གསུམ་དང་འབུམ་ལྔ་ལས་བརྒལ།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དྲུག་དང་སྐར་མ་ང་གཅིག་བར། ཨ་མེ་རི་ཁ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གསུམ་དང་འབུམ་ལྔ་ཁྲི་གསུམ་སྟོང་གསུམ་སུམ་བརྒྱ་དང་བཅུ་བདུན་ལ་སླེབས་པ་དང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་བདུན་དང་བརྒྱད་བརྒྱ་ཞེ་དྲུག་ལ་སླེབས།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་རིམས་ནད་བྱུང་བ་ཧ་ཅང་ཚབས་ཆེ་བའི་ཉིག་ཡོ་མངའ་སྡེ་རུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་བཞི་དང་སྟོང་བཞི་བདུན་བརྒྱ་དོན་ལྔ་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པ་བསྡོམས་པས་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་དང་ཞེ་ལྔ་ལ་སླེབས། པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་འབུམ་གཅིག་ལ་བརྒལ་བའི་མངའ་སྡེ་ད་དུང་ཏི་ཁི་ས་སི་མངའ་སྡེ་དང་ཞིན་ཙི་ཞི་མངའ་སྡེ། དབྱི་ལིས་ནོ་དབྱི་མངའ་སྡེ། ཡ་ལིས་སང་ན་མངའ་སྡེ། ཙོ་ཀྲི་ཡ་མངའ་སྡེ། མ་ས་ཏུའུ་སེ་མངའ་སྡེ། པེན་ཞི་ཧྥ་ཉི་ཡ་མངའ་སྡེ་བཅས་ཡོད།

                                                                                                        ལོ་ཙཱ་བ། བཀྲ་ཤིས་འབུམ།