ཨ་ཀེན་ཐིན་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་གཉིས་ལྷག་ལ་སླེབས།
2020.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨ་ཀེན་ཐིན་འཕྲོད་བསྟེན་པུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་ལྔ་དང་སུམ་བརྒྱ་དོན་དྲུག་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་གཉིས་དང་སྟོང་གཅིག་དགུ་བརྒྱ་བཅུ་དགུ་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ང་གཉིས་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་གསུམ་དང་དྲུག་བརྒྱ་ཞེ་བརྒྱད་ལ་སླེབས་པ་དང་། བསྡོམས་པས་ནད་པ་ཁྲི་བརྒྱད་དང་སྟོང་དགུ་ཉེར་དྲུག་དྲག་སྐྱེད་བྱུང་།

འཕྲོད་བསྟེན་པུའུ་ཡིས་ཉིན་དེར་ཁྱབ་བསྒྲགས་པའི་སྤྱི་སྒྲོག་ནང་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་ཁྲོད་ཀྱི་བརྒྱ་ཆའི་ཐིག་དང་གྲངས་ཆུང་ནི་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ། བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་གཉིས་ནི་ངོས་བཟུང་བའི་ནད་པར་འབྲེལ་འདྲིས་བྱེད་མཁན་ཡིན་པ་དང་། བརྒྱ་ཆའི་ང་བཞི་དང་གྲངས་ཆུང་བདུན་ནི་གཞིས་ཁུལ་ནས་འགོས་ཁྱབ་བྱུང་བའི་ནད་པ་ཡིན། ནད་པ་གཞན་པར་འགོས་ཁྱབ་བྱུང་བའི་རྣམ་པར་ཞིབ་བཤེར་བྱེད་བཞིན་ཡོད།

འཕྲོད་བསྟེན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལིས་སི་གྲོང་ཁྱེར་དང་བཅས་པའི་པུའུ་དབྱི་ནོ་སི་ཨེ་ལིས་སི་ཆེ་བའི་ས་ཁུལ་ནི་རིམས་ནད་བྱུང་བ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་པ་དང་། བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་ཁ་གྲངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་ནད་པའི་ཁ་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དགུ་གཉིས་ཟིན།

ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ཡིས་མིག་སྔར་ཁྱབ་སྒྲོག་བྱས་དོན། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བའི་ལོགས་བཀར་བྱེད་ཐབས་དེ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་བར་རྒྱུན་སྲིང་རྒྱུ་ཡིན་པ་དང་།  ལས་རིགས་ཁ་ཤས་སླར་གསོ་བྱེད་པ་དང་བསྟུན་ནས་མི་སྣའི་འཁོར་རྒྱུག་ནི་རིམས་འགོག་གི་གནད་དོན་ཆེན་པོར་གྱུར་ཡོད་ལ། རིམས་ནད་དེ་པུའུ་དབྱི་ནོ་སི་ཨེ་ལིས་སི་ཆེ་བ་ས་ཁུལ་ནས་ཞིང་ཆེན་གཞན་པར་རྒྱ་ཡན་དུ་འགྲོ་བའི་སྣང་ཚུལ་ཡོད།

ལོ་ཙཱ་བ། བཀྲ་ཤིས་འབུམ།