འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་སྟོང་བཞི་དྲུག་བརྒྱ་དང་ཉེར་བདུན་ལ་སླེབས།
2020.09.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 17

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་སྟོང་བཞི་དྲུག་བརྒྱ་དང་ཉེར་བདུན་ལ་བསླེབ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་བཅུ་གསུམ་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་གཉིས་སྟོང་གཉིས་ཉིས་བརྒྱ་དང་ང་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་སྟོང་བཞི་དྲུག་བརྒྱ་དང་ཉེར་བདུན་ལ བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གསུམ་དང་བཞི་བརྒྱ་དོན་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དགུ་དང་ཁྲི་དྲུག་སྟོང་གཉིས་དྲུག་བརྒྱ་དང་བཅུ་གསུམ་ལ་བསླེབ་ཡོད།

ལོ་ཙཱ་བ། རིན་ཆེན་མཚོ།