མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་འབར་ཁམས་འགྲན་ཁུལ་ལ་འབྱོར་ཡོད།
2020.07.28 ཁུངས། ཀློག་གྲངས། 272

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ལས་སྒྲུབ་མི་སྣ་དག་ཚེས26ཉིན་མཚོ་སྔོན་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། མཐོ་བའི་རི་བོ་དང་དམའ་མོའི་སྤང་ཐང་། དོག་མོའི་འགག་འཕྲང་སྣ་ཚོགས་བརྒྱུད་ནས་ཚེས27ཉིན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་འབར་ཁམས་རྫོང་དུ་འབྱོར་ལ། ཚེས28ཉིན་གྱི་ཕྱི་དྲོར་གར་སྟེགས་དང་གློག་འོད། སྐུད་ལམ་སོགས་གྲ་སྒྲིག་སྣ་ཚོགས་ཚགས་སུ་ཆུད་པ་བྱས་པར་མ་ཟད། འགྲན་ཞུགས་རྡུང་ལེན་པ་དག་ཡུལ་དངོས་སུ་སླེབས་ནས་འབྱོར་ཐོ་བཀོད།

འབར་ཁམས་འགྲན་ཁུལ་ནི་ཐེངས་འདིའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་གྱི་འགྲན་ཁུལ་དྲུག་པ་ཡིན་པ་ཞིང་། འདི་ནི་སི་ཁྲོན་ཞིང་ཆེན་གྱི་འགྲན་ཁུལ་གཅིག་པུའང་ཡིན།

མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱེད་སྒོ་ཆེན་མོ་འདི། སྤྱི་ཟླ6པའི་ཚེས15ཉིན་མགོ་བརྩམས་པ་ནས་བཟུང་། ཟི་ལིང་འགྲན་ཁུལ་དང་མཚོ་ལྷོ་འགྲན་ཁུལ། རྨ་ལྷོ་འགྲན་ཁུལ། གཙོས་འགྲན་ཁུལ། ཀླུ་ཆུ་འགྲན་ཁུལ་བཅས་ནས་འགྲན་ཞུགས་རྡུང་ལེན་པ་རྣམས་ཀྱིས་སོར་མོའི་རྩལ་ཉམས་དང་། ངག་གི་འགྱུར་ཁུགས་བརྟེན་ནས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་གཟི་མདངས་ལེགས་པར་བསྟན་པ་དང་། གཙོ་སྒྲུབ་ལས་ཁུངས་ཀྱིས་དུས་ཐོག་ཏུ་དྲ་ལམ་སོ་སོ་ནས་ཐད་གཏོང་བྱས་པས། རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱི་དབྱར་གྱི་ལོངས་སྤྱོད་དུ་གྱུར་ཏེ་བསྟོད་པའི་མཐེ་བོང་བར་མེད་དུ་བསྒྲེངས་ལ། སྤྱི་ཚོགས་སྟེང་དུ་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་ཚ་རླབས་ཤིག་ཆེས་ཆེར་འཕྱུར་དུ་བཅུག