མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་འབར་ཁམས་འགྲན་ཁུལ་གྱི་འགྲན་སྡུར་ལེགས་པར་གྲུབ།
2020.07.31 ཁུངས། ཀློག་གྲངས། 445

རྩྭ་རྩི་ཤིང་ལྗང་ལོའི་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་། མདོག་རྣམ་བཀྲ་མེ་ཏོག་སྣ་བརྒྱ་ཡི་མཛེས་སྡུག་རབ་ཏུ་གྲོལ་བའི་དུས། མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་ལས་སྒྲུབ་མི་སྣ་དག་རོང་ཆེན་བཞིའི་ནང་ཚན། རུས་ཆེན་བཞིའི་ཡ་གྱལ་དམ་པ་ཁྱུང་གི་གདན་ས་ཆེན་པོ་རྒྱལ་མོ་ཚ་བ་རོང་གི་འབར་ཁམས་ས་ཆར་འབྱོར་ཡོད་ལ། གནས་འདི་ནི་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན་ཞིང་། ཐེངས་འདིའི་འགྲན་སྡུར་གྱི་སི་ཁྲོན་ཞིང་ཆེན་གྱི་འགྲན་ཁུལ་གཅིག་པུའང་ཡིན།

སྤྱི་ཟླ7པའི་ཚེས30ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི”སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་འབར་ཁམས་འགྲན་ཁུལ་གྱི་འགྲན་སྡུར་ལ་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་ཆེན་པོ་གནང་འོག་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་ལེགས་པར་གྲུབ།

ཐེངས་འདིའི་འབར་ཁམས་འགྲན་ཁུལ་གྱི་འགྲན་སྡུར་སྟེང་། འགྲན་ཞུགས་པ16ཡོད་ཅིང་། ཁོ་ཚོས་ལག་སོར་མོའི་རྒྱུད་དཀྲོལ་རྣམ་འཕྲུལ་དང་། ངག་མགྲིན་པའི་གྲེ་འགྱུར་དགུ་སྤྲུལ། ལུས་ཉམས་སྣང་གར་སྟབས་བརྒྱད་རྫོགས་ཀྱིས་རབ་དཀར་གངས་དང་། ལྗང་ལོ་སྤང་། སེར་པོ་འབྲུ་དང་། སྔོན་མོ་ཆུ། དྲིན་གྱི་བདག་དང་བརྩེ་བའི་མདངས་སོགས་གླུ་ཚིག་ཕྲེང་བར་བརྒྱུས་ཤིང་། རྒྱུད་སྐུད་རྟ་ལ་དྲངས་ནས་གར་སྟེགས་ཁྲོམ་ཆེན་ཟིལ་མནོན་སྟེང་མགྲིན་ངག་གསེར་སྒོ་ཁྲ་མོ་སྒོ་འཕར་ཕྱེས་པར། དཔྱད་འདེམ་པས་རོལ་མོའི་གཞུང་ལུགས་གཞི་ཐིག་ཏུ་བླངས་ཤིང་། ཉམས་མྱོང་རྩལ་ཤེས་བསམ་འཆར་དུ་བྱས་ནས་འགྲན་ཞུགས་པ་སོ་སོར་གནད་དུ་ཐིངས་པའི་དཔྱད་འཇོག་ལེགས་པོར་བྱས་པས། དེ་དག་འགྲན་ཞུགས12ལ་བསྐྱར་འགྲན་དུ་ཚུད་པའི་གདན་ཐོབ་དཔང་ཡིག་ཐོབ། དེ་བཞིན་དྲ་ལམ་སོ་སོ་ན་ཐད་གཏོང་ལ་ལྟ་བཞིན་པའི་དྲ་གྲོགས་རྣམས་ཀྱིས་དགའ་བའི་ཐལ་མོ་བར་མེད་རྡེབ་ཅིང་། དཔྱད་པའི་གཏམ་ཚོགས་ཀྱིས་དྲ་བའི་ཐང་ཆེན་དོག་པོར་བྱས་སོང་།

མདོ་འཛིན་པ་རིག་འཛིན་ཐར་དང་ཟླ་བཟང་སྒྲོལ་མ།

        འབར་ཁམས་འགྲན་ཁུལ་གྱི་འགྲན་སྡུར་དེ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་དུས་མཉམ་དུ་ཐད་གཏོང་བྱས་པས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་ཚིགས་དང་གངས་ལྗོངས་མེ་ལོངAPP སྟེང་རྡེབ་ཚད་ཁྲི12ལྷག་ལ་སླེབས་ཡོད། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན་སོགས་ལས་རྡེབ་ཚད་ཁྲི6ལྷག་ལ་སླེབས་ཡོད་པས་རྒྱ་ཆེའི་གཟིགས་མོ་བ་དག་གི་དགའ་བསུ་རྒྱ་ཆེར་ཐོབ།

སྒྲ་སྙན་རྡུང་ལེན་ནི་ཀྲུང་ཧྭ་རིག་གནས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་ཞིག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན། དེ་ཉིད་རྒྱུད་འཛིན་དང་དར་སྤེལ་བྱ་ཆེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ད་ལྟའི་བར་འགྲན་སྡུར་སྐབས་དྲུག་ལ་སྤེལ་ཞིང་། དེ་ལས་བོད་རིགས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཇེ་རྒྱས་དང་། རིག་གནས་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཤན་ཤུགས་རབ་ཏུ་ཆེ་བའི་མིང་དུ་གྲགས་པའི་རིག་རྩལ་འགྲན་སྡུར་ཞིག་ཏུ་གྱུར་ཡོད། རིག་གནས་སྒྱུ་རྩལ་འདིའི་ཁྱབ་སྤེལ་སྔར་བས་ཇེ་ལེགས་དང་ཇེ་རྒྱས་སུ་གཏང་ཆེད། ད་ལོ་ནས་བཟུང་མདོ་ཁམས་ས་ཁུལ་ལས་བོད་རང་སྐྱོང་ལྗོངས་སུ་རྒྱ་བསྐྱེད་དེ། བོད་ཁམས་ཡོངས་ཀྱི་རིགས་སོ་སོའི་རྡུང་ལེན་པ་ཡོད་ཚད་ཞུགས་ཆོག་པར་བྱས་ཡོད་ལ། འགྲན་སྡུར་གྱི་མིང་ཡང་སྔར་གྱི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཞེས་པ་དེ་སྒྲ་སྙན་རྡུང་ལེན་འགྲན་སྡུར་ཞེས་པར་བསྒྱུར་ཡོད།

དཔྱད་འདེམ་པ། གསང་བདག

མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་མཁན། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན།

དཔྱད་འདེམ་པ། ཁོ་བསྟན།

ན་གཞོན་རྡུང་ལེན་པ་གྲགས་ཅན། ཐང་དཀར་རོལ་ཚོགས་ཀྱི་སྒྲིག་འཛུགས་པ། བོད་ཀྱི་རོལ་མོ་པ།

ཐེངས་འདིའི་འབར་ཁམས་འགྲན་ཁུལ་གྱི་འགྲན་ཞུགས་པ་དག་ནི་གཤམ་གསལ་ལྟར།

ཆོས་ཉིད་རྒྱ་མཚོ།

ཐུབ་དཔལ།

སྐྱེས་མཆོག་རྡོ་རྗེ།

སྐལ་བཟང་རྣམ་གྲོལ།

དགེ་གྲུབ།

ཡེ་ཤེས་བསྟན་འཛིན།

དོན་གྲུབ།

བཀྲ་ཤིས་སྐྱབས།

འཇིགས་མེད།

མག་གསར་མཆོད་འབུལ་བྲོ་རྡུང་ཚོགས་པ།

མཁྱེན་རབ་མཐའ་ཡས།

མགོན་པོ་ཚེ་རིང་།

ཚེ་རིང་སྐྱབས།

ལྷ་མོ་སྐྱབས།

འཆི་མེད་རིག་འཛིན།

མདོ་ཐུབ་ཚེ།

འབར་ཁམས་འགྲན་ཁུལ་ལས་བསྐྱར་འགྲན་ལ་ཚུད་པའི་གདན་ཐོབ་རྡུང་ལེན་མཁན་དག་ནི།

ཐུབ་དཔལ།

སྐྱེས་མཆོག་རྡོ་རྗེ།

སྐལ་བཟང་རྣམ་གྲོལ།

དགེ་གྲུབ།

ཡེ་ཤེས་བསྟན་འཛིན།

དོན་གྲུབ།

བཀྲ་ཤིས་སྐྱབས།

འཇིགས་མེད།

མག་གསར་མཆོད་འབུལ་བྲོ་རྡུང་ཚོགས་པ།

མཁྱེན་རབ་མཐའ་ཡས།

འཆི་མེད་རིག་འཛིན།

མདོ་ཐུབ་ཚེ།