​བྲིས་པ་ཁ་གྱའི་ཁྱུང་སྔོན་དང་གཙུག་ལག་ཕྲེང་བས་འགྲན་ཚོགས་ལ་ལེགས་སྐྱེས་ཕུལ།
2020.11.30 ཁུངས། ཀློག་གྲངས། 53


མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་ཚོགས་པ་ཡིས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་དུངས་བ་ཟབ་པའི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དང་བ་དབང་མེད་དུ་དྲངས་པར་མ་ཟད། འདོད་པ་བླ་ལྷག་ཏུ་ཚིམ་པར་བྱས་པས། ཕྱོགས་སོ་སོའི་ལྟད་མོ་བ་རྣམས་ཀྱིས་དྲ་ལམ་ཐད་གཏོང་ལ་ལྟ་སྐབས་བསྟོད་བསྔགས་ཀྱི་མེ་ཏོག་དྲ་ལམ་དུ་བར་མེད་དུ་གཏོར་བས་ཀྱང་མངོན་པར་དགའ་བའི་སྣང་ཚུལ་དེ་མཚོན་ལ། ལྷག་པར་མི་སྒེར་དང་རིག་གནས་ལས་གཉེར་ཀྱི་ཀུང་ཟི་ཚོགས་སྤྱི་འགས་ཀྱང་ཡུལ་དངོས་སུ་རང་རང་གི་ལེགས་སྐྱེས་བསྣམས་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་འགྲན་ཚོགས་འབྲེལ་ཡོད་མི་སྣར་ལེགས་སྐྱེས་ཕུལ།

ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་བྲིས་པ་ཁ་གྱའི་ཁྱུང་སྔོན་གྱིས་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པར་རང་ཉིད་ཀྱི་སེམས་འདུན་མཚོན་བྱེད་དུ། འགྲན་ཚོགས་ཀྱི་བརྗོད་དོན་སྙིང་པོར་བྱས་ནས་རིང་དུ་རྨིད་གསུམ་ཅན་གྱི་བྲིས་གཟུགས་རྨད་དུ་བྱུང་བ་ཞིག་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་ཕུལ་བ་དང་། གཙུག་ལག་ཕྲེང་བ་དཔེ་མཛོད་ཁང་གིས་ཐེངས་འདིའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྤྱིའི་འཁྲབ་ཁྲིད་པ་དང་དཔྱད་འདེམ་པ། རྩེ་རྒྱན་ཉི་ཤུའི་འགྲན་ཞུགས་པ་ཡོངས་ལ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་གཞུང་ལུགས་དང་འབྲེལ་བའི་དཔེ་དེབ་གང་མང་ཞིག་ལེགས་སྐྱེས་སུ་ཕུལ་ནས། བོད་ཀྱི་རོལ་མོའི་སྒྱུ་རྩལ་དང་སྒོས་སུ་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་མ་འོངས་མདུན་ལམ་འོད་སྟོང་ལྡན་པར་གཞུང་ལུགས་ཀྱི་ལྷག་བསམ་བསྩལ།