མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་བྱ་དགའ་སྩོལ་བའི་དགོང་ཚོགས་ལེགས་པར་གྲུབ།
2020.11.30 ཁུངས། ཀློག་གྲངས། 139

ཟླ11པའི་ཚེས20ཉིན་གྱི་དགོང་མོར་སྒྲ་སྙན་སྒྱུ་རྩལ་གཙོར་བྱས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ལྷ་སའི་སྟོད་གཞས་དང་ནག་ཆུའི་དམངས་གླུ། བདེ་ཆེན་འབའ་གཞས། རྒྱལ་རོང་སྐོར་བྲོ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དགྱེས་སྟོན་རྒྱ་ཆེན་པོའི་ཁྲོད། ཟླ་བ་ལྔའི་རིང་ལ་སྤེལ་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ཁུལ་གསར་གྱི་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་རྒྱལ་ཁ་གཡུར་དུ་ཟ་བ་བླངས་ཏེ་ཡོངས་སུ་མཇུག་རྫོགས།

ཚོགས་ཕེབས་ཀྱི་མགོ་ཁྲིད་ལྷན་རྒྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ། ཟླ6པའི་ཚེས18ཉིན་མགོ་བརྩམས་ཏེ་སྔ་རྗེས་སུ་མཚོ་སྔོན་གྱི་ཟི་ལིང་དང་མཚོ་ལྷོ། རྨ་ལྷོ། ཀན་སུའུ་ཞིང་ཆེན་གྱི་གཙོས་གྲོང་ཁྱེར་དང་ཀླུ་ཆུ། སི་ཁྲོན་ཞིང་ཆེན་གྱི་འབར་ཁམས་བཅས་ནས་སྤེལ་བ་དང་། ཟླ7པའི་ཚེས30ཉིན་ཐོག་མའི་འགྲན་སྡུར་སྤེལ་ཚར་ལ། འགྲན་ཞུགས་པ76བསྐྱར་འགྲན་དུ་ཚུད།ཟླ10པའི་ཚེས17ནས་ཚེས19བར། འགྲན་ཞུགས་པ60ཡིས་བསྐྱར་འགྲན་བྱས་ཤིང་། དེ་ལས་འགྲན་ཞུགས་པ20རྟིང་རྩོད་དུ་ཚུད། ཟླ11པའི་ཚེས14ནས་ཚེས16ཉིན་བཅས་ཉིན་གསུམ་ལ་མཇུག་མཐའི་རྟིང་རྩོད་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་སྐལ་བཟང་བཀྲ་ཤིས་འགྲན་ཞུགས་ཀུན་ལས་རྣམ་པར་རྒྱལ་ཏེ་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་རྟགས་བླངས། དེ་བཞིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་སླེབས་པའི་འགྲན་ཞུགས་པ་དཀོན་མཆོག་སྐྱབས་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་རྫོང་གི་འགྲན་ཞུགས་པ་བསམ་ཁོ་གཉིས་ཀྱིས་འགྲན་སྡུར་གྱི་ཨང་གཉིས་པ་བླངས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་འགྲན་ཞུགས་པ་ཆུང་ཆུང་རྟ་མགྲིན་རྡོ་རྗེ་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཕག་མོ་སྒྲོལ་མ་དང་རྐང་ཚ་རྫོང་གི་དཔལ་ཆེན་རྡོ་རྗེ་གཉིས་ཀྱིས་འགྲན་སྡུར་གྱི་ཨང་གསུམ་པ་བླངས།

ཚེས17ཉིན་ནས་ཚེས19ཉིན་བར། འགྲན་ཞུགས་པ་རྩེ་གྲ20ལས་དྲ་ལམ་གྱི་ཆེས་དགའ་བསུ་ཐོབ་པའི་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་གདམ་པའི་འདེམ་ཤོག་འཕེན་པའི་བྱེད་སྒོ་སྤེལ་ཞིང་། མཐར་འགྲན་ཞུགས་པ་སྐལ་བཟང་རྣམ་གྲོལ་ལ་འདེམ་ཤོག434345ཐོབ་སྟེ་དྲ་ལམ་གྱི་ཆེས་དགའ་བསུ་ཐོབ་པའི་སྒྲ་སྙན་རྡུང་ལེན་པར་བདམས་པ་དང་། མཚན་རྟགས་འདི་ཉིད་འགྲན་སྡུར་གྱི་ཨང་དང་པོའི་བྱ་དགའ་དང་མཚན་དང་ཐོབ་གཅིག་མཚུངས་ཡིན།

མཚོ་སྔོན་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་མགོན་པོ་ཚེ་རིང་གིས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་སྐལ་བཟང་བཀྲ་ཤིས་ལ་བྱ་དགའ་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ། ཐིན་ཀྲང་གཞོན་པ་ལོས་ཞཱ་ཡིས་དྲ་ལམ་གྱི་དགའ་བསུ་ཨང་དང་པོ་ཐོབ་པའི་སྐལ་བཟང་རྣམ་གྲོལ་ལ་བྱ་དགའ་གནང་བཞིན་པ།


སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གཙོ་བོར་བྱས་ཤིང་། གཟུགས་འདས་ཤུལ་བཞག་རིག་གནས་བརྗོད་དོན་དུ་བྱས་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་འགྲན་ཚོགས་ཆེན་མོའི་བྱ་དགའ་གནང་བའི་དགོང་ཚོགས་རྨད་དུ་བྱུང་བ་ཞིག་བསྒྲུབ་ཆེད། ལས་སྒྲུབ་རྩ་འཛུགས་ཀྱི་འབྲེལ་ཡོད་མི་སྣ་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་སོགས་སུ་ཕྱིན་ནས། བྱ་དགའི་དགོང་ཚོགས་སྟེང་གི་འཁྲབ་སྟོན་མི་སྣ་དང་འཁྲབ་བྱའི་རིག་རྩལ་བསལ་འདེམས་བྱས་ཏེ། འཁྲབ་སྟོན་པ200ལྷག་གདན་ཞུ་བྱས།


ཐེངས་འདིའི་བྱ་དགའ་སྩོལ་བའི་དགོང་ཚོགས་སྟེང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་དཔལ་འབར་བའི་འཁྲབ་སྟོན་ལས་གཞན། མདོ་སྨད་ཕྱོགས་ནས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་བྱས་རྗེས་བླ་ན་མེད་པ་བཞག་པའི་རྒན་དཔལ་མགོན་དང་། རྒན་པདྨ་གཉིས་ལ་ཚེ་ནོམ་གཟེངས་རྟགས་བྱ་དགའ་བསྩལ་ནས། མི་ཚེ་གང་བོར་སྒྲ་སྙན་སྒྱུ་རྩལ་ལ་འོད་སྣང་སྤྲོས་པའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་ལ་ཉམས་མེད་ཀྱི་ལེགས་སྐྱེས་བསྩལ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་པོ་ཡིས་ཚེ་ནོམ་གཟེངས་རྟགས་ཐོབ་མཁན་པདྨ་ལ་བྱ་དགའ་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། དཔལ་ཕྱུག་གིས་ཚེ་ནོམ་གཟེངས་རྟགས་བྱ་དགའ་ཐོབ་མཁན་དཔལ་མགོན་ལ་བྱ་དགའ་གནང་བཞིན་པ།


ཐེངས་འདིའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་འགྲན་ཚོགས་ཆེན་མོ་འདི་རྒྱལ་ཁ་མངོན་པར་རྫོགས་པ་ཞིག་བླངས་པ་ནི། གཙོ་སྒྲུབ་ལས་ཁུངས་ཀྱི་རྒྱབ་སྐྱོར་བླ་མེད་དང་། འགན་སྒྲུབ་ལས་ཁུངས་ཀྱིས་དཀའ་བ་མཐའ་དག་ཁྱད་དུ་གསད་ནས། ཇུས་འགོད་གནད་དུ་ཐིངས་པ། ལས་སྒྲུབ་ནན་ཏུར་བྱས་པ་དང་འབྲལ་དུ་མེད་ལ། འགྲན་ཚོགས་སྔོན་དང་འགྲན་ཚོགས་སྐབས་ལ་གཙོ་སྒྲུབ་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་མཛུབ་སྟོན་ཡང་དག་བྱས་ཏེ་སྐྱོན་ཆ་བསལ་བཀྲོལ་དང་ལེགས་པར་གཟེངས་བསྟོད་བྱས་པས། འདི་ནི་འགྲན་ཚོགས་འདི་གྲུབ་པའི་སྒུལ་ཤུགས་གཙོ་བོ་ཡིན།

དཔྱད་འདེམ་པ་སྒྲོལ་མ་སྐྱབས་དང་མདོ་འཛིན་པ་ཟླ་བཟང་སྒྲོལ་མ་གཉིས་ཀྱིས་འགྲན་སྡུར་བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་མིང་ཐོ་སྒྲོག་བཞིན་པ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བསོད་ནམས་བདེ་སྐྱིད་གཉིས་ཀྱིས་བྱ་དགའ་གནང་བཞིན་པ།


འགྲན་ཚོགས་ཆེན་མོ་འདི་ལེགས་སྒྲུབ་བྱ་ཆེད། འགྲན་ཚོགས་ཆེན་མོའི་ལས་སྒྲུབ་རྩ་འཛུགས་ཀྱིས་ཚོགས་འདུ་དང་སྙན་ཞུའི་ཚོགས་འདུ་མང་དུ་ཚོགས་ཤིང་། ངེད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མགོ་ཁྲིད་ཀྱི་མཛུབ་སྟོན་དང་ཐུགས་ཁུར་དང་བསྟུན། འབྲེལ་ཡོད་མགོ་ཁྲིད་ཀྱི་བསམ་འཆར་ཐམས་ཅད་གཅིག་ཏུ་བསྡུས་ཤིང་། དཀའ་གནད་ཡོད་ཚད་སྔོན་ལ་སེལ་ནས་ཐག་གཅོད་ཡང་དག་བྱས་རྗེས་ལག་ལེན་དུ་བསྟར་བ་ཡིན།

དཔྱད་འདེམ་པ་ཤེར་བསྟན་དང་ཁོ་བསྟན་གཉིས་ཀྱིས་འགྲན་སྡུར་བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་མིང་ཐོ་སྒྲོག་བཞིན་པ།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བདེ་མཚོ་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཅུའུ་ཀྲང་གཞོན་པ་སྒྲོལ་མ་ཚེ་རིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་བཅས་ཀྱིས་བྱ་དགའ་གནང་བཞིན་པ།


ཐེངས་འདིའི་འགྲན་ཚོགས་ཀྱི་འགྲན་སྡུར་སྔོན་དང་འགྲན་སྡུར་སྐབས་ཀྱི་ཁྱབ་སྒྲོག་མཐའ་དག་དྲ་ལམ་བརྒྱུད་ནས་སྤེལ་བའམ་དྲ་ལམ་ནས་ཐད་གཏོང་བྱས་ཏེ་སྤེལ་བ་ཡིན་ཞིང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས། མཚོ་སྔོན་བོད་སྐད་རླུང་འཕྲིན་སྐད་འཕྲིན་སྤྱི་སྟེགས།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ་དང་། གངས་ལྗོངས་མེ་ལོངAPP  ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས་དང་ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན།  ཨ་མདོ་བརྙན་འཕྲིན་འཁྱུག་དབྱིངས་སོགས་སྨྱན་བྱད་འདྲེས་སྦྱོར་གྱི་ཐབས་ལམ་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ཁྱབ་སྒྲོག་བྱས་པས། འགྲན་ཚོགས་ཡོངས་སུ་མི་གྲངས་བྱེ་བ་གཅིག་ཙམ་གྱིས་བལྟས་པའི་གྲུབ་འབྲས་བླ་ན་མེད་པ་བླངས། དེ་ལས། ཐོག་མའི་འགྲན་སྡུར་མི་གྲངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་ཙམ་གྱིས་བལྟས་ཤིང་། བསྐྱར་འགྲན་བལྟས་ཚད་མི་གྲངས་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་གཉིས་དང་། རྟིང་རྩོད་ལ་མི་གྲངས་ས་ཡ་ལྔ་དང་འབུམ་ལྔ་ཡིས་བལྟས།


དེ་ལས་གཞན། ཐེངས་འདིའི་བྱ་དགའ་སྩོལ་བའི་དགོང་ཚོགས་ཐད་གཏོང་བྱེད་པའི་སྐབས་སུ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཁེ་ལས་རྒྱལ་གཉེར་རྐང་འཛིན་སྦྲེལ་དྲའི་ཀྲུང་ཀོང་ཁྲོའང་སི་དང་མཉམ་འབྲེལ་བྱས་ཏེ། གཟུགས་ལྡན་རླུང་འཕྲིན(See FM)ཞེས་གཟུགས་ལྡན་རྒྱང་སྒྲོག་སྨྱན་སྦྱོར་ལས་གཞི་ཚོད་ལྟ་བྱས་ནས་ཐད་གཏོང་བྱས་པས། རྒྱང་སྒྲོག་ལེ་ཚན་སྒྲ་གཟུགས་ཟུང་ལྡན་གྱིས་ཐད་གཏོང་བྱས་པ་མངོན་འགྱུར་བྱུང་ལ། བོད་སྐད་རྒྱང་སྒྲོག་སྒྲ་རླབས་ལ་ཉན་པ་ལས་གཟུགས་བརྙན་མི་སྣང་བའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད།

བྱ་དགའ་སྩོལ་བའི་དགོང་ཚོགས་ཀྱི་གླུ་གར་གྱི་མཆོད་པས་ཡུལ་དངོས་སུ་སླེབས་པའི་ལྟད་མོ་སྟོང་ཕྲག་དུ་མའི་འདོད་པའི་རྩེ་གང་ཞིང་། བསམ་པའི་དོན་འགྲུབ་ཏུ་བཅུག་ལ། ཐད་གཏོང་ནས་དགོང་ཚོགས་ལ་གཟིགས་བཞིན་པའི་ལྟད་མོ་བ་དག་ལའང་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ངོ་མཚར་འདི་འདྲ་བ་ཞིག་ཕུལ་བར། གོ་ལའི་ཡུལ་གྲུ་ཀུན་ན་གནས་པའི་བོད་རིགས་སྤུན་ཟླ་དག་གི་ཁྲ་ཆུང་མིག་གི་དགའ་སྟོན་དང་། དར་ལུང་རྣ་བའི་དཔྱིད་ཀྱི་གསོས་སུ་སྨིན་པས། ཐད་གཏོང་སྟེགས་བུ་བདུན་ནས་བལྟས་པའི་གྲངས་ཚད་ཀྱང་མི་གྲངས་ས་ཡ་གཉིས་ལྷག་ལ་སླེབས། ལྟ་མཁན་ཅི་ཙམ་མང་བ་ཡིས་སྲོལ་རྒྱུན་རིག་གནས་དེ་མང་ཚོགས་ཀྱི་སེམས་སུ་གོ་གནས་ག་འདྲ་ཞིག་ཟིན་ཡོད་པ་དང་། སྲོལ་རྒྱུན་རིག་གནས་ལ་དགའ་མོས་ཅི་ཙམ་ཡོད་པ། ལྷག་པར་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་བྱ་རྒྱུ་ནི་མང་ཚོགས་ཀུན་གྱི་རེ་འདུན་ཡིན་པ་མཚོན་ཐུབ།

རྡོ་རེད་དང་བཀྲ་ཤིས་སྒྲོལ་མ།

ནག་ཆུའི་འཁྲབ་སྟོན་ཚོགས་པ།

མངའ་རིས་ཞང་ཞུང་རིག་གནས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ།

ལྷ་སའི་ཉང་རལ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ།

མཚོ་སྔོན་མང་རྫོང་སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ།

ཟི་ཁྲོན་འབར་ཁམས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ།

བདེ་ཆེན་འབའ་གཞས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ།

གནམ་ལྕགས་རོལ་ཚོགས།

ཐང་དཀར་རོལ་ཚོགས།

ཡུས་ཧྲུའུ་ཁྲི་འདུ་དམངས་སྲོལ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ།

ཆིན་ཏའོ་ནས་སླེབས་པའི་སྒྲ་སྙན་སྒྱུ་རྩལ་པ་ཝན་ཝན།

མངའ་རིས་སྒྲ་སྙན་སྒྱུ་རྩལ་པ། མཚོ་མོ་སྐྱིད།

གངས་ཅན་པ་སྒྲོལ་མ་སྐྱབས།

ཤེར་བསྟན།

སྒྲ་སྙན་སྒྱུ་རྩལ་པ། པདྨ་ཚེ་རིང་།

རིག་འཛིན་ཐར།

དབྱངས་ཅན་ལྷ་མོ།

སྒྲ་སྙན་རྡུང་ལེན་ནི་ཀྲུང་ཧྭ་རིག་གནས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་ཞིག་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན། དེ་ཉིད་རྒྱུད་འཛིན་དང་དར་སྤེལ་བྱ་ཆེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ད་ལྟའི་བར་འགྲན་སྡུར་སྐབས་བདུན་ལ་སྤེལ་ཞིང་། དེ་ལས་བོད་རིགས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཇེ་རྒྱས་དང་། རིག་གནས་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཤན་ཤུགས་རབ་ཏུ་ཆེ་བའི་མིང་དུ་གྲགས་པའི་རིག་རྩལ་འགྲན་སྡུར་ཞིག་ཏུ་གྱུར་ཡོད།