མཇུག་མཐའི་རྟིང་རྩོད་འགྲན་སྡུར་གྱི་གར་སྟེགས་ཆེན་མོ་ཁྲོམ་ཆེན་ཟིལ་གནོན་ལེགས་པར་གྲུབ།
2020.11.30 ཁུངས། ཀློག་གྲངས། 214


མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ནི་ཟླ11པའི་ཚེས14དང་ཚེས15  ཚེས16བཅས་ཉིན་གསུམ་ལ་འཚོག་རྒྱུ་ཡིན་ཞིང་། བྱེད་སྒོ་འདི་ཐོག་མའི་རིམ་པ་དང་། བསྐྱར་འགྲན་རིམ་པ། རྟིང་རྩོད་རིམ་པ་བཅས་བརྒྱུད་པའི་ལེགས་བྱས་ཀྱིས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་དགའ་མོས་ཆེ་བའི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དབང་བོ་མ་ལུས་ཅིག་ཅར་གསོས་ཤིང་། སྐྱིད་ཀྱི་འཚོ་བར་བཀྲ་ཤིས་ལྷ་དར་ཕུལ་བའི་རྟེན་འབྲེལ་དུ་གྱུར་བ་ན། མཇུག་མཐའི་རྟིང་རྩོད་འགྲན་སྡུར་ནི་ཀུན་གྱིས་རེ་སྨོན་སྟོང་གི་ཡང་རྩེ་དང་། རེ་སྒུག་ཁྲི་ཡི་འབབ་སྟེགས་སུ་གྱུར་འདུག  དེ་བས་གཙོ་སྒྲུབ་ལས་ཁུངས་ཀྱིས་མཇུག་མཐའི་རྟིང་རྩོད་ཀྱི་ཚོགས་རའང་སྔར་བས་རྒྱ་ཆེ་ལ། སྔར་བས་ཕུན་ཚོགས་བཀྲ་བའི་གནས་ཤིག་གཏན་ཁེལ་བྱས་ཡོད་པ་ནི། ཟི་ལིང་པདྨ་འདབ་བརྒྱད་ཀྱི་དཀྱིལ་འཁོར་དུ་གསར་དུ་བཞེངས་པའི་སྐྱེ་འགྲོའི་དབང་པོ་དབང་མེད་དུ་འཕྲོག་ཅིང་། ལྷ་ཡི་དགའ་ཚལ་ཡང་སྐྱེངས་པ་སྟེར་བའི་མཚོ་སྔོན་ལུས་རྩལ་ལྟེ་གནས་ཡིན།

འདབ་བརྒྱའི་པདྨ་བཞད་འདྲའི་ཚོགས་ར་ཉམས་དགའ་བ་དེའི་དཀྱིལ་སྙིང་དུ་བཞེངས་པའི་མཇུག་མཐའི་རྟིང་རྩོད་ཀྱི་གར་སྟེགས་ཁྲོམ་ཆེན་ཟིལ་གནོན་ནི། རྔམ་བརྗིད་ཀྱི་དཔལ་འབར་ལ་གཟི་འོད་ཀྱི་བཀྲག་མདངས་འཚེར་བ། སྒྱུ་འཕྲུལ་གྱི་རྩལ་གྱིས་ཁེངས་ཡོད་པས། བྱ་རྒྱལ་ཁྱུང་ཆེན་ཡང་འཕུར་དཀའ་བའི་སྣང་བ་སྟེར་ལ། དཔའ་བོ་གྱད་ཆེན་ཡང་སྙིང་ཞུམ་པའི་ཟིལ་ཤུགས་མངའ་བ་ཅན་དུ་བསྐྲུན་ཡོད།


རྒྱ་ཆེའི་ལྟད་མོ་བ་དག་ལ་གླུ་གཞས་སྒྱུ་རྩལ་གྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་པ་དང་། འགྲན་ཞུགས་རྡུང་ལེན་པ་རྣམས་ལ་དཔལ་འབར་བའི་གར་སྟེགས་ངོ་མཚར་བ་ཞིག་བསྐྲུན་པར་ཁག་ཐེག་ཡོང་ཆེད། གཙོ་སྒྲུབ་ལས་ཁུངས་ཀྱི་མགོ་ཁྲིད་དག་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་བླ་མེད་བྱས་ཤིང་།  དེ་རིང་ཡང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་ཚོགས་རའི་ཡུལ་དངོས་སུ་སླེབས་ནས། འགྲན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་ཚོགས་ར། གར་སྟེགས། བདེ་འཇགས་སོགས་ཀྱི་ཐད་ནས་ལྟ་ཞིབ་ནན་མོ་བྱས་པར་མ་ཟད་མཛུབ་སྟོན་གང་ལེགས་བྱས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་།


ཐད་གཏོང་དུས་ཚོད།

ཚེས14ཉིན།

ཆུ་ཚོད། 18:30