མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་མཇུག་མཐའི་རྟིང་རྩོད་ཀྱི་འགྲན་རིམ་གཉིས་པ་སྤྱི་ཟླ11པའི་ཚེས15ཉིན་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་མུ་མཐུད་དུ་ཚོགས་ཤིང་། འགྲན་སྡུར་རབས་དང་རིམ་པ་བརྒྱུད་རྗེས་འགྲན་ཞུགས་པ་དྲུག་འགྲན་རིམ་གསུམ་པའི་རྟིང་རྩོད་དུ་ཚུད།
ཚེས14ཉིན་མཇུག་མཐའི་རྟིང་རྩོད་འགྲན་སྡུར་གྱི་དབུ་བསླངས་པ་ན། སྲོལ་རྒྱུན་རིག་གནས་འདི་ལ་དགའ་མོས་ཆེ་བའི་ལྟད་མོ་བ་ས་ཡ་གཅིག་ལྷག་འགྲན་ཚོགས་འདིའི་གཟི་དཔལ་གྱི་དབྱིངས་ལ་ཞུགས་ཤིང་། བསྟོད་པའི་མེ་ཏོག་གཏོར་ནས་ནམ་མཁའ་དོག་པོར་བྱས་ལ། བསྔགས་པའི་རྔ་སྒྲ་བརྡུངས་ཏེ་འཛིན་མའི་ཁྱོན་ཡང་འགད་ཙམ་དུ་བྱས་སོང་། དེ་རིང་ཡང་སྒྲ་སྙན་སྒྱུ་རྩལ་གྱི་དབྱངས་རྟ་སྙན་མོས་བཅུད་ཀྱི་སེམས་ཅན་རབ་ཏུ་གྲོལ་བར་བཅུག་ནས། ཡིད་སེམས་དགའ་མགུ་དཔལ་ལ་རོལ་ནས་སེམས་ཀྱི་ངལ་བ་སེལ་བར་བྱས་པར་མ་ཟད། འགྲན་ཚོགས་ཡོ་ལང་གི་སྒྱུ་འཕྲུལ་གྱིས་ལྟད་མོ་བ་རྣམས་དྲི་ཟའི་ཡུལ་དུ་བྱོན་པའམ་དགའ་ལྡན་ལྷ་ཡི་ཞིང་ཁམས་སུ་ཁྲིད་པ་དང་མཚུངས་པར་བྱས།
འགྲན་ཞུགས་པ་རྣམས་ཀྱིས་འགྲན་ཐབས་རེ་རེ་བརྒྱུད་རེ་འགའ་གར་སྟེགས་དང་གྱེས་དགོས་པ་དང་། རེ་འགའ་གར་སྟེགས་ལས་མུ་མཐུད་དུ་འགྲན་སྡུར་བྱེད་དགོས་པའི་ཚུལ་བྱུང་ཡང་། འགྲན་ཞུགས་པ་རྣམས་ཀྱིས་སེམས་པ་སྒྲ་སྙན་སྒྱུ་རྩལ་ལ་དུངས་པའི་དབྱིངས་སུ་བཅུག་ཟིན་པས། རྒྱལ་ཕམ་དང་སེམས་ཆད་ཀྱི་དབང་དུ་མ་སོང་བར། ཚང་མས་གོ་སྐབས་ཅི་ཡོད་དམ་འཛིན་གྱིས་རང་ཉིད་ཀྱི་སྒྲ་སྙན་སྒྱུ་རྩལ་ལ་བཟུང་བའི་སེམས་པ་དེ་གར་སྟེགས་བརྒྱུད་ནས། རྒྱ་ཆེ་བའི་ལྟད་མོ་བ་རྣམས་ལ་འབུལ་ཅི་ཐུབ་བྱས་པ་ལས། ཐེངས་འདིའི་བྱེད་སྒོ་འདི་སྤེལ་བའི་ཐོག་མའི་བསམ་འདུན་ཏེ། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་དང་། སྒྱུ་སྙན་སྒྱུ་རྩལ་བློ་བདར་མཉམ་སྤེལ་གྱི་དམིགས་ཡུལ་དེ་འགྲུབ་པའི་རྟེན་འབྲེལ་རྨད་དུ་བྱུང་བ་ཞིག་རེད།
མདོ་འཛིན་པ་རིག་འཛིན་ཐར་དང་ཟླ་བཟང་སྒྲོལ་མ་གཉིས།
འགྲན་ཚོགས་ཀྱི་གོ་རིམ་ཆ་ཚང་ཡུལ་དངོས་ཇི་མ་ཇི་བཞིན་དུ་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་འབུལ་ཆེད། དྲ་ལམ་སྟེགས་བུ་དྲུག་ནས་དྲ་བའི་མྱུར་ཚད་དང་བརྙན་གྱི་གསལ་ཆ་ཁག་ཐེག་དཔེ་མེད་པ་བྱས་པས། དེ་རིང་ཡང་དྲ་ལམ་སོ་སོ་ནས་བལྟས་པ་བསྡོམས་རྩིས་བྱས་ན་ས་ཡ་གཉིས་ཙམ་ལ་སླེབས་འདུག
འགྲན་ཞུགས་པ་རྣམས་ཀྱིས་ལུས་རྩལ་དྲུག་གར་སྟེགས་ཁྲོམ་ཆེན་ཟིལ་གནོན་ལས་ལེགས་པར་བསྟན་དུས། དཔྱད་འདེམ་པ་དག་གིས་ཀྱང་དཔྱད་འཇོག་ཀྱང་ཅུང་ཟད་དཀའ་ནས་རེངས་པའི་ཚུལ་དུ་གྱུར་བ་ནི། འགྲན་ཞུགས་པ་དག་གི་ཆུ་ཚད་མངོན་པར་འཕགས་པའི་ཚུལ་དུ་འཁུམས་ཞིང་། འགྲན་སྡུར་སྐབས་སུ་དཔྱད་འདེམ་པ་དང་འགྲན་ཞུགས་པའི་སྒྱུ་རྩལ་ལ་བཟུང་བའི་སེམས་གཏམ་བརྗོད་པའི་ཚུལ་བྱུང་བའང་ལེགས་པའི་སྣང་ཚུལ་ཞིག་རེད།
འགྲན་སྡུར་གྱི་རིམ་པ་ཆ་ཚང་བརྒྱུད་མཐར་འགྲན་ཞུགས་པ་རྟ་མགྲིན་རྡོ་རྗེ་དང་དཔལ་ཆེན་རྡོ་རྗེ། བསམ་ཁོ། དཀོན་མཆོག་སྐྱབས། ཕག་མོ་སྒྲོལ་མ། སྐལ་བཟང་བཀྲ་ཤིས་བཅས་མཇུག་མཐའི་རྟིང་རྩོད་ཀྱི་འགྲན་རིམ་གསུམ་པར་ཚུད།
བདེ་མོ་ངག་གི་སྒོ་འཕར་ཕྱེས་ཏེ་སྙན་འགྱུར་སྐད་ཀྱི་གདངས་དབྱངས་གྱེར།། །
ལྡེམ་མྱུར་སོར་མོའི་རྩལ་བརྒྱ་བཏོན་ཏེ་སྒྲ་སྙན་འབྲུག་མགོའི་རྒྱུད་སྐུད་དཀྲོལ། །
འགྲན་ཞུགས་པའི་རྒྱབ་གྲོགས་དཔུང་ཚོགས།