འགྲན་ཞུགས་བརྩམས་ཆོས་དང་རོལ་ཆས་ཐད་ཀྱི་གསལ་འདེབས།
2020.06.03 ཁུངས། ཀློག་གྲངས། 3736

མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མི་རིགས་མཐུན་སྒྲིལ་རྟགས་མའི” སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པར་ཞུགས་པའི་རྡུང་ལེན་མཁན་དག་ལ་གསལ་འདེབས་ཞུ་དོན།

གཅིག འགྲན་ཞུགས་བརྩམས་ཆོས་ཀྱི་དབྱངས་ཚིག་གཉིས་ཀ་གསར་བ་ཡིན་ཞིང་དབྱངས་ལ་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱི་ཁྱད་ཆོས་མངོན་གསལ་ལྡན་ཚེ་དམིགས་བསལ་གྱི་སྐར་གྲངས་ཡོད་པ་དང་། ཚིག་གི་ནང་དོན་ལ་ཡར་ཐོན་དང་ཡར་སྐུལ། ཡར་སེམས་བཅས་ཀྱི་བསམ་བློ་ལྡན་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་སྲིད་ཇུས་གླེང་ཕྱོགས་དང་མཐུན་དགོས།

གཉིས། རམ་འདེགས་རོལ་ཆས་ཀྱི་ཕྱོགས་ནས་ཐོག་མའི་འགྲན་སྡུར་སྐབས་སུ་མངའ་རིས་སྒྲ་སྙན་དང་མན་ཐོ་ལེན་གཉིས་ཀའི་གང་བཀོལ་ཡང་ཆོག་མོད། འོན་ཀྱང་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྐབས་སུ་མངའ་རིས་སྒྲ་སྙན་བཀོལ་མཁན་ལ་དམིགས་བསལ་གྱི་སྐར་གྲངས་ཡོད་སྲིད།

གསུམ། ཐོག་མའི་འགྲན་སྡུར་ནས་རྟིང་རྩོད་འགྲན་སྡུར་བར་གྱི་འགྲན་ཐེངས་རེ་རེ་ལས་འགྲན་ཞུགས་རྡུང་ལེན་མཁན་རིམ་འཕར་བྱ་རྒྱུ་ཡིན་པ་དང་། འགྲན་ཐེངས་རེ་རེའི་ཡུལ་དངོས་ཀྱི་སྒྲ་གཟུགས་ཆ་ཚང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPPལས་ཐད་གཏོང་བྱ་རྒྱུ་ཡིན་པས། འགྲན་ཞུགས་རྡུང་ལེན་མཁན་དག་ནས་རང་རང་གི་རྒྱན་གོས་ལ་དང་དོད་བྱ་དགོས།

བཞི། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས་མགོ་ནས་བཟུང་རིམ་བཞིན་འགྲན་ཁུལ་སོ་སོའི་ཐོག་མའི་འགྲན་སྡུར་སྤེལ་རྒྱུ་ཡིན།

ལྔ། འགྲན་ཞུགས་པ་རྣམས་ཀྱིས་མིང་ཐོ་འགོད་སྐབས་རང་ཉིད་འགྲན་ཁུལ་གང་ལ་གཏོགས་པ་དེར་མིང་ཐོ་འགོད་པ་ལས་གཞན་པའི་འགྲན་ཁུལ་དུ་མིང་ཐོ་འགོད་མི་ཆོག

མིང་ཐོ་འགོད་པར་བརྙན་ཡོལ་གཡོན་ཟུར་གྱི་སྐད་འཕྲིན་བཤེར་རིས་བརྒྱུད་ནས་མིང་ཐོ་འགོད་དགོས་ལ། མིང་ཐོ་འགོད་སྐབས་འགྲན་ཞུགས་པས་རང་ཉིད་ཀྱི་སྡོད་དམངས་ལག་འཁྱེར་གྱི་ཨང་གྲངས་དང་ཁ་པར་ཨང་གྲངས། རང་ཉིད་ཀྱི་འདྲ་པར་བཅས་བསྐུར་ཡོང་དགོས། བློ་འདྲིའི་ཁ་པར་ཨང་གྲངས155-0060-7387ཡིན།

སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་གནས་ཚུལ་གསལ་བོར་ཤེས་འདོད་ན་མུ་མཐུད་དུ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོངAPPདང་། ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་བཅས་ལ་ཐུགས་སྣང་མཛད་རོགས།