མདའ་བཞི་རྫོང་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ།
2020.05.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 50

        ཉིས་སྟོང་ཉི་ཤུ་ལོ་ནི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། རྒྱལ་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་རྒྱལ་ཁའི་དུང་བརྡ་སྒྲོག་པའི་སྐབས་འདིར། ང་ཚོ་གསར་འགོད་པས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་ཆེད།དབྱར་མགོ་མའི་ཆར་བ་ཟམ་ཟིམ་ཁྲོད་བཅར་འདྲིའི་གོམ་ཁ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྩྭ་ཐང་གི་ཕྱོགས་སུ་བསྒྱུར།མདའ་བཞི་རྫོང་ནི་མཚོ་སྔོན་པོའི་བྱང་འགྲམ་དུ་གནས་ཡོད་པ་དང་།རྫོང་ཡོངས་སུ་དབུལ་ཕོངས་སྡེ་བ་བཅུ་གཉིས་ཡོད་ལ།ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་སོ་གསུམ་དང་མི་སྟོང་གཉིས་དང་སུམ་བརྒྱ་ཉེར་གཅིག་ཡོད་ཅིང་།ཉིས་སྟོང་བཅུ་དགུ་ལོར།ཚང་མ་དུས་ལྟར་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་།དབུལ་སྐྱོར་བྱ་བའི་མགོ་བརྩམས་པ་ནས་མདའ་བཞི་རྫོང་གིས་འབྲེལ་ཡོད་སྲིད་ཇུས་སྣ་ཚོགས་དངོས་འབེབ་ལེགས་པོ་བྱས་ཏེ།ས་གནས་དེ་གའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དངོས་ཡོད་ཀྱི་ཁེ་ཕན་མང་པོ་ཞིག་བསྐྲུན།

 བུ་རྒོད་སྡེ་བའི་སྡེ་དཔོན་ཚེ་ཐར་རྒྱལ། 

མདའ་བཞི་རྫོང་མཚོ་སྔོན་པོ་ཞང་བུ་རྒོད་སྡེ་བའི་སྡེ་དཔོན་ཚེ་ཐར་རྒྱལ་ནི་དམག་ཁོངས་ནས་ཕྱིར་ལོག་མཁན་ཞིག་ཡིན་པ་དང་།ཉིས་སྟོང་བཅོ་ལྔ་ལོར་རང་སྡེ་བ་ནས་ཆིན་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི་ཞིག་བཙུགས་པ་དང་། ཉིས་སྟོང་བཅུ་བདུན་ལོར་རྒྱལ་ནང་གི་སྔོན་ཐོན་འཕྲུལ་ཆས་ནང་འདྲེན་བྱས་ཏེ་ཤ་སྐམ་ལ་ཐུམ་བརྒྱབ་ནས་ཐོན་སྐྱེད་བྱེད་མགོ་བརྩམས།ཤ་སྐམ་ཐོན་སྐྱེད་ཐད་ལ་ཆེད་མཁས་པས་ཞིབ་བཤེར་བརྟག་དཔྱད་གང་ལེགས་བྱས་པ་བརྒྱུད།རྒྱལ་ཁབ་བདེ་འཇགས་ཟས་རིགས་ཀྱི་ཚད་གཞིར་ཐོན་ཏེ། རྒྱལ་ནང་གི་ས་ཆ་སོ་སོར་འགྲེམ་སྤེལ་བྱས་པས་རྒྱ་ཆེའི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་ཡོད།ཤ་སྐམ་ཐོན་སྐྱེད་བྱེད་པའི་གོ་རིམ་ཐད་ནས་སྦྱིན་བདག་མ་ལྷ་མོ་འཚོས་བཤད་རྒྱུར། ཐུམ་བརྒྱབ་པའི་ཤ་སྐམ་ནི་ཤ་ཆེས་བཟང་ཤོས་ཡིན་ལ།ཤ་གཏུབ་གཅོད་བྱས་རྗེས་སྙོལ་དགོས་པ་དང་། དེ་ནས་དུས་ཚོད་གཉིས་གསུམ་གྱི་རིང་འཕྲུལ་ཆས་ནང་སྐེམ་དགོས་ལ།དེའི་འཕྲོར་ཆུ་ནང་དུ་བཙོ་དགོས་པ་དང་། མཐར་སྣུམ་གྱི་ནང་དུ་བཙོས་ནས་འགྱིག་ཁུག་ནང་འཇུག་དགོས་པ་དང་།དུག་སེལ་བྱས་རྗེས་ཁ་སུམ་དགོས་ཟེར། ལས་ཀའི་གོ་རིམ་དཀའ་ཚེགས་ཆེ་ནའང་ལོ་རེར་སྒོར་མོ་ས་ཡ་གསུམ་ཙམ་གྱི་ཡོང་སྒོ་ཡོད་པ་རེད།

ཆིན་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི། 

སྡེ་དཔོན་ཚེ་ཐར་རྒྱལ་གྱིས་ས་གནས་རང་གི་ཁྱད་སྟོབས་ལ་བརྟེན་ནས་མདའ་བཞིའི་རྫ་ཆུ་དང་།སྐམ་ཤའི་སྟབས་བདེ་ཐུག་པ།འཕང་འབྲས་སོགས་ཐོན་སྐྱེད་བྱས་ནས་ཕྱིར་འཚོང་བྱེད་མགོ་བརྩམས་ཤིང་།བུ་རྒོད་སྡེ་བའི་ཁྱིམ་ཚང་སུམ་བརྒྱ་དང་གཅིག་གི་ཁྲོད་དབུལ་ཕོངས་ཁྱིམ་ཚང་བདུན་ཡོད་པ་དེ་དག་ལ་སྲིད་གཞུང་གིས་ལོ་རེར་འཚོ་བའི་ཁ་གསབ་སྟེར་བཞིན་པ་རྣམས་ཀུང་ཟིའི་ནང་མ་རྐང་དུ་འཇོག་ཏུ་བཅུག་ནས་ལོ་མཇུག་ཏུ་ཡོང་སྒོ་བགོ་བྱ་བརྒྱབ་པ་དང་།དབུལ་ཕོངས་མང་ཚོགས་ཀུང་ཟི་ནང་བསྡུ་ལེན་བྱས་ནས་ཟླ་ཕོགས་བྱིན་པས། སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བར་རོགས་རམ་བྱས་པ་དང་།ད་ལྟ་ཁོའི་ཀུང་ཟི་དེ་ནི་དབུལ་ཕོངས་མང་ཚོགས་ཀྱིས་ཡོང་སྒོ་བཙལ་ས་ཞིག་ཏུ་གྱུར་ཡོད། 

 

དབུལ་ཐར་མང་ཚོགས་ལྕགས་མོ་རྒྱལ། 

དབུལ་ཕོངས་ཁྱིམ་ཚང་ལྕགས་མོ་རྒྱལ་ཚང་ལ་བཟའ་མི་བཞི་ཡོད་པ་དང་།ལོ་བདུན་ཅན་གྱི་བྱིས་པ་དབང་བོ་སྐྱོན་ཅན་ཞིག་ཡོད་པས།བཟའ་བ་གཉིས་སྒོ་ཕྱི་ལ་ཡོང་སྒོ་བཙལ་དུ་འགྲོ་ཐུབ་ཀྱིན་མེད།ལྕགས་མོ་རྒྱལ་གྱིས་བཤད་ན།སྔོན་ཆད་འཚོ་བར་དཀའ་ཁག་ཤིན་ཏུ་ཆེ་བ་དང་།དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་རྗེས་ཁྱིམ་ཚང་གི་འཚོ་བར་ཁ་སྣོན་ཡོད་པར་མ་ཟད།ཆིན་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ནང་སོང་ནས་ཞོར་ལས་གཉེར་ན།ཟླ་གཅིག་ལ་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་ཟླ་ཕོགས་ཡོད་པས།ཁོ་ཚང་གི་ཡོང་སྒོ་སྔར་ལས་ཇེ་བཟང་དུ་སོང་ཡོད་པར་མ་ཟད།ཉིས་སྟོང་བཅུ་དགུ་ལོར་དབུལ་ཕོངས་ལས་ཐར་ཞེས་བཤད།རྒྱལ་ཁབ་ཀྱི་རོགས་སྐྱོར་དང་སྡེ་མི་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་ད་ལྟ་བུ་རྒོད་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་བརྒྱད་ཡན་ལ་སླེབས་ཡོད།

བོན་གྱའི་ཕྱུགས་སའི་སྤྱི་གཉེར་བ་ཀླུ་རྒྱལ་ཆོས་འཕེལ། 

ཀླུ་རྒྱལ་ཆོས་འཕེལ་ནི་མདའ་བཞི་རྫོང་བོན་གྱ་སྡེ་བའི་ཡིན་པ་དང་།བོན་གྱ་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན།གཞོན་པའི་སྐྱེས་སྟོབས་རྫོགས་པའི་ཕོ་གཞོན་ཀླུ་རྒྱལ་གྱི་ལུས་སྟེང་ན་ཕུགས་བསམ་ལ་རེ་སྙེག་བྱེད་པའི་སྟོབས་ཤུགས་ཤིག་ཕྱིར་མངོན་འདུགཁོ་ནི་ཉིས་སྟོང་བཅུ་བདུན་ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་མདའ་བཞི་རྫོང་བོན་གྱ་སྡེ་བར་ལོག་སྟེ།ཕ་ཡུལ་དུ་ཡུལ་སྐོར་ལྗོངས་རྒྱུ་ལ་ཡོང་མཁན་ཤིན་ཏུ་མང་བའི་གནས་བབ་བཟང་པོར་དམིགས་ཏེ།ཉིས་སྟོང་བཅོ་བརྒྱད་ལོར།གྲོགས་པོ་འགའ་དང་མཉམ་འབྲེལ་བྱས་ནས་བོན་གྱའི་ཕྱུགས་ས་ཞེས་པའི་ཡུལ་སྐོར་ལྗོངས་རྒྱུ་གཙོ་བོ་ཡིན་པའི་ཀུང་ཟི་ཞིག་བཙུགས་པ་དང་།ཀུང་ཟིས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྐར་ཚོགས་ཁྲི་འབུམ་ལ་ལྟ་ཐུབ་པའི་མགྲོན་ཁང་སུམ་བརྒྱ་ལས་པའི་འཆར་གཞི་བཟོས་ནས་རྒྱ་ཆེའི་ཡུལ་སྐོར་བར་མདའ་བཞི་རྩྭ་ཐང་གི་བོད་ཀྱི་དམངས་སྲོལ་རིག་གནས་སྣ་ཚོགས་ལ་མྱོང་རོལ་བྱེད་དུ་འཇུག་བཞིན་ཡོད་པ་དང་།ས་དེའི་དབུལ་ཕོངས་མང་ཚོགས་རྣམས་བོན་གྱའི་ཕྱུགས་སར་ཡོང་ནས་ཡོང་སྒོ་བཙལ་བཞིན་ཡོད་པས།དབུལ་ཕོངས་མང་ཚོགས་རྣམས་ལ་མཚོན་ན་བོན་གྱའི་ཕྱུགས་ས་ནི་རང་ཉིད་ཀྱི་འཚོ་བའི་ཡོང་སྒོ་བཙལ་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད།ཀླུ་རྒྱལ་ཆོས་འཕེལ་གྱིས་བཤད་ན། ཉིས་སྟོང་བཅོ་བརྒྱད་ལོར། བོན་གྱའི་ཕྱུགས་སའི་གནས་སྐོར་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་བརྒྱད་ལ་སླེབས་པ་དང་།ས་གནས་དེ་གའི་དབུལ་ཕོངས་མང་ཚོགས་བརྒྱ་དང་གོ་གཅིག་ལ་ལས་གནས་འདོན་སྤྲོད་བྱས་ཏེ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་ཡན་ལ་སླེབས་ཐུབ་པ་བྱུང་ཡོད་ཟེར།སྲིད་གཞུང་གི་རོགས་སྐྱོར་དང་མང་ཚོགས་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་བོན་གྱ་སྡེ་བ་ཡང་ཉིས་སྟོང་བཅུ་དགུ་ལོར་དབུལ་ཕོངས་སྡེ་བའི་གྲས་ནས་ཕྱིར་འབུད་ཐུབ་པ་བྱུང་།

 

དབུལ་ཐར་མང་ཚོགས་བྱང་མོ་སྐྱིད། 

མདའ་བཞི་རྫོང་བདེ་སྐྱིད་སྡེ་བའི་བྱང་མོ་སྐྱིད་ཚང་ལ་མཚོན་ན་ཁྱིམ་ན་ཁོ་མོ་མ་བུ་གཉིས་མ་གཏོགས་མེད་པ་དང་།བུ་མགོན་པོ་ཚེ་བརྟན་གྱིས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས་སློབ་ཡོན་ཐད་ལ་དཀའ་ངལ་བྱུང་།ཉིས་སྟོང་བཅོ་ལྔ་ལོར། ཁོ་ཚང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་དང་། ད་ལྟ་བུ་མགོན་པོ་ཚེ་བརྟན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཏེ་མཚོ་བྱང་ཁུལ་ཐོག་ཏུ་དགེ་རྒན་བྱས་ཡོད།བྱང་མོ་སྐྱིད་ཀྱིས་བཤད་རྒྱུར།རྒྱལ་ཁབ་ཀྱིས་ང་ཚོར་སྒོར་མོས་རོགས་རམ་བྱས་པ་དང་། ང་ཚོ་ཆུ་དང་། གློག ལམ་སོགས་སྟབས་བདེ་སའི་མཚོ་བྱང་ཁུལ་ཐོག་ཏུ་གནས་སྤར་ཏུ་བཅུག་ནས་ཁང་པ་ཞིག་ཀྱང་བྱིན།ངས་གནས་འདི་ནས་བྱ་བ་ཅི་ཞིག་ལས་ནའང་སྟབས་བདེ་བར་བསམ་ཏེ་རང་ཉིད་ཀྱིས་ཀྱང་སྒོར་མོ་ཁ་སྣོན་བྱས་ནས་ཞོ་ཁང་ཞིག་གཉེར་བས།ཚོང་ཤིན་ཏུ་བཟང་ལ།ཉིས་སྟོང་བཅུ་དྲུག་ལོར།ངེད་ཚང་དབུལ་ཕོངས་ལས་ཐར།རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པར་ངོ་མ་བཀའ་དྲིན་ཆེ་ཞེས་བཤད་བྱུང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་འབྱོར་འབྲིང་འཚོ་བར་སླེབས་ཐུབ་མིན་དེ་ཡུལ་མི་སྤུན་ཟླར་ཐུག་ཡོད་ཅེས་གསུངས་པ་ནང་བཞིན།མདའ་བཞི་རྩྭ་ཐང་གི་དབུལ་ཕོངས་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་།འབད་བརྩོན་ལ་བརྟེན་ནས་མཚར་སྡུག་གི་འཚོ་བ་བསྐྲུན་བཞིན་ཡོད་ལ། བདེ་སྐྱིད་ཀྱི་ལམ་ཆེན་སྟེང་དུ་བང་གིས་རྒྱུག་བཞིན་འདུག

གསར་འགོད་པ། དབྱངས་ཅན། ཚེ་རིང་སྒྲོལ་མ། རིག་འཛིན་ཐར།