འཚོ་བ་གསར་བ་འཛུམ་གྱིས་བསུ།
2020.06.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

ཨ་མྱེས་སྟོང་སོ་རི་བོ།

འཛིན་མའི་ཁྱོན་ལ་ལྗང་མདོག་གིས་གོས་ལྭ་མནབས་པའི་དུས་ཚིགས་འདིར།༼དབུལ་ཕོངས་རྒྱང་དུ་བསྐྱུར། བདེ་སྐྱིད་དཔལ་ལ་རོལ༽ཅེས་པའི་བཅར་འདྲིའི་ཚན་ཆུང་ཡངས་པའི་རྩྭ་ཐང་དང་། མཐོན་པོའི་རི་བོ། དམའ་མོའི་ལུང་གཞུང་སོགས་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་བྱང་ཕྱོགས་ཀྱི་མདོ་ལ་རྫོང་དུ་ཐོན། ལྷ་ཡི་ཞིང་ཁམས་སུ་གྲགས་པའི་མདོ་ལ་རྫོང་ནི་རི་མཐོན་པོ་ཨ་མྱེས་སྟོང་སོ་དང་། བཙུན་མོ་དམར་ཡག་མའི་དཀྱིལ་དབུས་ན་ལྟ་ན་སྡུག་པར་ཆགས་འདུག་ལ། རི་བོ་འདི་གཉིས་ཀྱི་ངག་རྒྱུན་སྣ་ཚོགས་ཤིིག་གནས་འདིའི་མང་ཚོགས་ཀྱི་ངག་ན་མཚར་ཉམས་སྟོང་གིས་ཕྱུག་ཡོད་པས། ལྷ་ཡི་ཞིང་ཁམས་འདིར་ཡུལ་སྐོར་བ་མང་པོ་ཞིག་ཀྱང་ངང་གིས་བཀུགས་ནས་ཡོང་བཞིན་ཡོད།

                                                             བཙུན་མོ་དམར་ཡག་མ། 

མདོ་ལ་རྫོང་ནི་རྒྱ་བོད་སོག་གསུམ་གྱི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་པ་དང་། རྫོང་ཡོངས་སུ་བསྡོམས་པས་དབུལ་ཕོངས་སྡེ་བ་བཅོ་བརྒྱད་ཡོད། སྲིད་གཞུང་གིས་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་གཉིས་འབུམ་དགུ་ཁྲི་གསུམ་དང་། ཞིང་ལས་དང་འབྲེལ་བའི་ལེགས་སྒྲིག་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བདུན་བཏང་སྟེ། དབུལ་སྐྱོར་སྲིད་ཇུས་སོ་སོ་དངོས་འབེབ་བྱེད་པར་འགན་སྲུང་བྱས་པས། ཉིས་སྟོང་བཅུ་དགུ་ལོར།མདོ་ལ་རྫོང་གི་དབུལ་ཕོངས་ཁྱིམ་ཚང་ཚང་མ་དབུལ་ཐར་བྱེད་ཐུབ་པ་བྱུང་།

ཡོན་ཧྲན་སྐྱེ་ཁམས་གླིང་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་པ།

ཉེ་བའི་ལོ་འགར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་བ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མདོ་ལ་རྫོང་གི་མཚན་སྙན་གྲགས་ཀྱང་ཇེ་ཆེར་སོང་སྟེ། གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས། མདོ་ལ་རྫོང་པ་པོ་གྲོང་རྡལ་ར་དོང་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་ལ་ཁྱིམ་ཚང་སུམ་བརྒྱ་དང་ལྔ་ཡོད་པ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་ཉེར་བདུན་ཡོད། ར་དོང་འགག་ཡུལ་སྐོར་ལྗོངས་རྒྱུའི་ཁུལ་ཤུགས་ཆེན་པོས་གསར་སྤེལ་བྱས་པར་བརྟེན་ནས། ཉིས་སྟོང་བཅོ་བརྒྱད་ལོར་ར་དོང་སྡེ་བ་ནས་ཚད་གཞི་མཐོ་བའི་སྐྱེ་ཁམས་ར་བ་ཞིག་འཛུགས་སྐྲུན་བྱས་ནས་ལས་གཉེར་བྱེད་མགོ་བརྩམས་པ་དང་། སྐྱེ་ཁམས་ར་བ་དེའི་མིང་ལ་ཡོན་ཧྲན་སྐྱེ་ཁམས་གླིང་ཟེར་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་དྲུག་བརྒྱ་ཡོད་ལ། མི་བཞི་བརྒྱས་མཉམ་གཅིག་ཏུ་ཟ་མ་བཟའ་ཆོག དེའི་ནང་ད་དུང་ཇ་འཐུང་ས་བདུན་དང་། ཤིང་ཁང་ཉེར་བདུན། ཤིང་གི་ཁྱམས་ར་བཅས་ཡོད་པ་རེད། ལས་གཞི་དེ་ལས་པར་སྲིད་གཞུང་གིས་བསྡོམས་པས་སྒོར་མོ་ས་ཡ་གསུམ་དང་འབུམ་དྲུག་ཁྲི་གཅིག་ལྷག་གིས་རོགས་སྐྱོར་བྱས་པ་དང་། དེའི་ནང་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཉིས་དང་། དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་ཐོན་མ་དངུལ་སྒོར་མོ་འབུམ་ལྔ་དང་ཁྲི་དྲུག་ལྷག་འདུས་ཡོད། ཡོན་ཧྲན་སྐྱེ་ཁམས་གླིང་དེ་སྦྱིན་བདག་མཱ་ཅིན་ལུང་གིས་འགན་གཙང་ལེན་བྱས་ནས་ལས་གཉེར་བྱེད་བཞིན་ཡོད་པ་དང་། ཉིས་སྟོང་བཅུ་དགུ་ལོར་སྐྱེ་ཁམས་གླིང་གིས་ར་དོང་སྡེ་བར་སྒོར་མོ་འབུམ་གཉིས་དང་ཁྲི་བརྒྱད་སྟོང་བརྒྱད་ལྷག་སྤྲད། ཁོས་བཤད་རྒྱུར། སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་བྱས་པས། ང་ཚོས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ཏེ། སྐྱེ་ཁམས་གླིང་འདིའི་ནང་དུ་འགྲུལ་བ་སྣེ་ལེན་བྱས་པ་ཡིན་ལ། ད་དུང་དབུལ་ཕོངས་ཁྱིམ་ཚང་གི་མི་སྣ་ཞབས་ཞུ་བར་བསྡུ་ལེན་བྱས་ནས་རང་ཁྱིམ་གྱི་སྒོ་ཁ་ནས་འཚོ་རྟེན་བཙལ་ཐུབ་པར་བྱས་ཡོད་པ་དང་། ང་རང་ཉིད་ཀྱིས་ཀྱང་ཡོང་སྒོ་ཅུང་ཟད་བཙལ་ཐུབ་པ་བྱུང་ཡོད་ཟེར།

མཱ་ཧྲིན་ཧྥུའུ་བཟའ་ཚང་གང་བོ།

མཱ་ཧྲིན་ཧྥུའུ་ནི་རྫ་དམར་ཞང་གི་མི་ཡིན་པ་དང་། ཁྱིམ་དུ་བཟའ་མི་བཞི་ཡོད་ལ། ཉིས་སྟོང་བཅུ་དྲུག་ལོར། དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་རྗེས། སྲིད་གཞུང་གིས་ལོ་རེར་སྒོར་མོ་ཁྲི་གསུམ་ལྷག་གི་འཚོ་བའི་ཁ་གསབ་སྟེར་བཞིན་ཡོད། དེའི་རྨང་གཞིའི་སྟེང་། བཟའ་མི་གཉིས་ཀྱིས་ཞོར་ལས་གཉེར་བའི་ཡོང་སྒོ་བསྣན་ན། ལོ་གཅིག་ལ་སྒོར་མོ་ཁྲི་བཞི་ལྷག་གི་ཡོང་སྒོ་ཡོད་པ་དང་། ཁོ་ཚང་གི་འཚོ་བ་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་པས། ཉིས་སྟོང་བཅུ་དགུ་ལོར་དབུལ་ཕོངས་ལས་ཐར།

ཡོན་ཧྲན་སྐྱེ་ཁམས་གླིང་གི་ཞབས་ཞུ་བ་རྡོ་རྗེ་མཚོ།

མདོ་ལ་རྫོང་མུ་རུ་གྲོང་རྡལ་གྱི་རྡོ་རྗེ་མཚོ་ཡིས་ཡོན་ཧྲན་སྐྱེ་ཁམས་གླིང་དུ་རྩིས་གཉེར་གྱི་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ཁོ་མོ་ཁྱིམ་ཚང་དཀའ་ངལ་ཅན་ཞིག་གི་རེད། སྐྱེ་ཁམས་གླིང་འདི་ནས་ཞོར་ལས་གཉེར་ན་མོར་ཟླ་གཅིག་ལ་སྒོར་མོ་སྟོང་གསུམ་དང་ལྔ་བརྒྱ་ནས་སྟོང་བཞིའི་ཟླ་ཕོགས་སྟེར་བཞིན་ཡོད་པས། འཚོ་བ་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་ལ། ད་ལྟ་མདོ་ལ་རྫོང་ཐོག་ཏུ་ཐོག་ཁང་ཞིག་ཉོས་ཏེ་ཕ་མ་གཉིས་རྫོང་ཐོག་ཏུ་བསུས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པ་རེད།

དབུལ་ཐར་སྡེ་བའི་མང་ཚོགས་གདུགས་དཀར་སྐྱིད། 

མདོ་ལ་རྫོང་གཡང་ལུང་སྡེ་བ་ནི་རྫོང་ཐོག་དང་བར་ཐག་ཆེས་རིང་ཤོས་ཀྱི་སྡེ་བ་ཞིག་ཡིན་པ་དང་། དུས་ཡུན་རིང་བོར་གློག་དང་ལམ་མེད་པས2015ལོར་དབུལ་ཕོངས་སྡེ་བའི་གྲས་སུ་བཞག རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད། ད་ལྟ་གཡང་ལུང་ཞང་དུ་ལམ་ལས་ཡོད་པར་མ་ཟད། ན་ནིང་སྡེ་བ་ཧྲིལ་བོར་གློག་འཐེན་པའི་བཟོ་འགོད་ཀྱང་ལེགས་འགྲུབ་བྱུང་ཡོད་པ་རེད། གཡང་ལུང་སྡེ་བའི་གདུགས་དཀར་སྐྱིད་ཀྱིས་དགའ་བའི་ཉམས་དང་བཅས་ཏེ། ཕ་ཡུལ་དུ་ལམ་དང་གློག་འཐེན་ཡོད་པས་ཕྱོགས་གང་ཐད་ནས་སྔོན་དང་བསྡུར་ན་སྟབས་ཇེ་བདེར་སོང་ཡོད་ལ། མོ་རང་ཉིད་ཀྱང་ཡུལ་ན་ལས་ཀ་མེད་དུས་རྫོང་ཐོག་ཏུ་སོང་ནས་ཞོར་ལས་རྒྱག་བཞིན་ཡོད་པ་དང་། ཟླ་རེར་ཆེས་ཉུང་ནའང་སྒོར་མོ་སྟོང་གསུམ་དང་ཉིས་བརྒྱའི་ཡོང་སྒོ་བཙལ་བཞིན་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད།

དབུལ་ཐར་མང་ཚོགས་ཚེ་དཔལ་འབུམ། 

མདོ་ལ་རྫོང་གིས་མང་ཚོགས་ས་གཞན་དུ་གནས་སྤོ་བའི་ལས་གཞིའི་ནང་ཁྱིམ་ཚང་སུམ་བརྒྱ་གོ་བདུན་བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་སོ་བཞི་ཡོད། མཁར་དམར་གྲོང་རྡལ་མང་བཟའ་སྡེ་བའི་རྒན་པོ་ཚེ་དཔལ་འབུམ་ལ་བུ་དང་བུ་མོ་གཉིས་ཡོད་པ་སྟབས་མ་ལེགས་པར་ཚེ་ལས་འདས་པའི་རྐྱེན་གྱིས་རྒན་པོར་གཉོར་སྐྱོང་བྱེད་མཁན་མེད་པར་ཁེར་རྐྱང་དུ་ལུས་པ་དང་། རྒན་པོ་ཁོ་རང་ཆག་ས་བརྟེན་ས་མེད་པར་གྱུར་བའི་སྐབས་དེར། དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་ཏེ་མང་བཟའ་སྡེ་བ་ནས་མདོ་ལ་རྫོང་ཐོག་ཏུ་གནས་སྤར་ནས་ཡོང་བ་དང་། ད་ལྟ་མུས་གྲུ་བཞི་མ་སུམ་ཅུ་ཅན་གྱི་ཐོག་བརྩེགས་ཁང་པ་ཞིག་ཏུ་བསྡད་ཡོད་པ་རེད། རྒན་པོ་ཚེ་དཔལ་འབུམ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་སྟེ་གནད་འཁེལ་དབུལ་སྐྱོར་བྱ་བའི་གྲས་སུ་བཞག་པ་ནས་ང་རང་གི་འཚོ་བར་དཀའ་ཁག་མེད་པ་དང་། འགྲོ་འདུག་སྤྱོད་གསུམ་གང་ཡང་སྟབས་བདེ་ཡིན་པས་འཚོ་བ་སྐྱིད་པོ་རོལ་ཡོད། ད་ལྟ་ཏང་གི་སྲིད་ཇུས་བཟང་པོ་ངའི་ལུས་སྟེང་དུ་ཉི་མ་འཆར་འཆར་བྱས་ཡོད་པས། ངོ་མ་བཀའ་དྲིན་ཆེ་ཞེས་བཤད།

དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད། མདོ་ལ་རྫོང་གིས་དབུལ་བོ་ངོ་མར་རོགས་སྐྱོར་དང་། དབུལ་བོ་ལས་ཐར་བར་དངོས་ཤུགས་གང་རུང་ནས་རོགས་སྐྱོར་དང་བྱ་བ་དེ་མུ་མཐུད་དུ་སྲ་བརྟན་དུ་བཏང་བས། ད་ལྟ་དབུལ་ཐར་མང་ཚོགས་ཀྱི་གདོང་ལ་འཚོ་བ་གསར་བར་ཡིད་ཚིམས་པའི་འཛུམ་མདངས་ཤིག་ངང་གིས་འཁྱིལ་འདུག

གསར་འགོད་པ། དབྱངས་ཅན། ཚེ་རིང་སྒྲོལ་མ། རིག་འཛིན་ཐར།