བདེ་སྐྱིད་དཔལ་ལ་རོལ་བའི་རྐང་ཚའི་མང་ཚོགས།
2020.06.05 ཁུངས། ཀློག་གྲངས། 23

     ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཚུན་དུ་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་དང་ཞིང་གྲོང་དར་རྒྱས་ལ་རྒྱལ་ཁ་ལེན་ཆེད་འཐབ་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་བ་དང་ལྷག་པར་ཏུ་ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་མཐའ་མཇུག་གི་ལོ་ཡིན་པས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་བདེ་སྐྱིད་ཀྱི་འཚོ་བ་བསུ་བའི་ལས་ལ་བྲེལ་བཞིན་འདུག 

     དབྱར་མགོ་མའི་མཛེས་སྡུག་གི་རྣམ་པ་ལྷུག་པོར་བཞད་པའི་དུས་འདི་ལ་ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་མཚོ་སྔོན་པོའི་འདབས་རོལ་གྱི་རྐང་ཚ་རྫོང་དུ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཐད་རྒྱུས་ལོན་བྱེད་དུ་སོང་བ་ཡིན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་ཕྱོགས་སུ་ཡོད་ལ་རྗོང་ཡོངས་སུ་ཞང་གསུམ་དང་གྲོང་བརྡལ་གཉིས།སྲིད་འཛིན་སྡེ་བ་སོ་གཅིག་བཅས་ཡོད་པ་དང་བོད་རིགས་གཙོས་མི་རིགས་བཅུ་བཞི་ལྷག་འདུས་སྡོད་བྱས་པའི་རྫོང་མཁར་ཞིག་ཡིན།ཉིས་སྟོང་བཅོ་ལྔ་ལོར་ཞིང་ཆེན་དང་ཁུལ་རིམ་པའི་རྟོག་ཞིབ་བྱས་ཏེ་རྐང་ཚ་རྫོང་དུ་དབུལ་ཕོངས་སྡེ་བ་བཅུ་གཉིས་གཏན་ཁེལ་བྱས་ཤིང་ཉེ་བའི་ལོ་འདི་དག་གི་རིང་ལ་རྐང་ཚ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཡང་དག་པའི་མགོ་ཁྲིད་ཀྱི་འོག་ཏུ་རང་སྟེང་གི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ་དེའི་ཐད་ནས་རྐང་ཚ་རྫོང་དབུལ་སྐྱོར་ཅུའུ་ཡི་ལས་བྱེད་པ་གཟུངས་ཐར་གྱིས་བཤད་རྒྱུར། 


རྐང་ཚ་རྫོང་དབུལ་སྐྱོར་ཅུའུ་ཡི་ལས་བྱེད་པ། གཟུངས་ཐར། 

        རྐང་ཚ་རྫོང་གི་དབུལ་སྐྱོར་གྱི་བྱ་བ་ནི་ཉིས་སྟོང་བཅོ་ལྔ་ལོར་མགོ་བརྩམས་པ་ཡིན་ལ་སྐབས་དེར་རྐང་ཚ་རྫོང་དུ་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་ཉེར་བཞི་ཡོད་པ་དང་དབུལ་ཕོངས་མི་གྲངས་སྟོང་གསུམ་དང་བརྒྱད་བརྒྱ་བཅུ་ཡོད།ཉིས་སྟོང་བཅུ་དྲུག་ལོ་ནས་མགོ་བརྩམས་ཏེ་ཞིང་ཆེན་དང་ཁུལ་རིམ་པའི་ཡང་དག་པའི་མགོ་ཁྲིད་ཀྱི་འོག་ནས་རྐང་ཚ་རྫོང་གིས་རང་སྟེང་གི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་པ་དང་རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་གོང་རིམ་གྱི་སྲིད་ཇུས་ལ་སློབ་སྦྱོང་ལེགས་པོ་བྱས་ཏེ་ལག་ལེན་དང་གཞུང་ལུགས་གཅིག་ཏུ་སྦྲེལ་བ། ཆུ་དང་གློག་མེད་སའི་དབུལ་ཕོངས་སྡེ་བར་ཆུ་གློག་འཐེན་པ་དང་འཁོར་རྒྱུགས་ནོར་ལུག་སོགས་སྡེ་བ་རེ་རེར་བགོ་བཤའ་བྱས་ཏེ་ལོ་རེའི་ཡོང་སྒོ་མངོན་གསལ་གྱིས་འཕར་སྣོན་བྱུང་དུ་བཅུག  དེ་མ་གཏོགས་ས་གནས་རང་སྟེང་གི་ཡུལ་སྐོར་གྱི་ཁྱད་ཆོས་ལ་དམིགས་ཏེ་སྲིད་གཞུང་གིས་ལོ་རེར་སྒོར་འབུམ་གསུམ་ལྷག་གི་འགྲོ་སྒོ་བཏང་སྟེ་དབུལ་སྐྱོར་ས་ཁུལ་ནས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་དང་མགྲོན་ཁང་སོགས་བཙུགས་པ་དང་དེ་དག་གི་ཞབས་ཞུ་བ་དང་འགན་ལེན་པ་ཡང་ཆེད་དུ་དབུལ་ཕོངས་སྡེ་བ་ནས་བདམས་ཤིང་ལག་རྩལ་གསོ་སྦྱོང་བྱས་ཏེ་ལྗོངས་རྒྱུ་ས་ཁུལ་དུ་ལས་ཀ་བྱས་ཏེ་ཡོང་སྒོ་བཙལ་དུ་བཅུག་པ་ཡིན། ཉིས་སྟོང་བཅུ་བདུན་ལོར་རྫོང་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ་སྟོང་གཅིག་སུམ་བརྒྱ་ཉེར་གཉིས་དང་དབུལ་ཕོངས་མི་གྲངས་སྟོང་བཞི་དང་ཞེ་དགུའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་གཅིག་ལ་སླེབས་པས་ཚད་མཐོ་བའི་སྒོ་ནས་གོང་རིམ་གྱིས་གཏན་ཁེལ་བྱས་པའི་དབུལ་སྐྱོར་གྱི་ཚད་གཞི་ལས་བརྒལ་ཏེ་ཕྱོགས་ཡོངས་ནས་དབུལ་ཐར་གྱི་ཚད་གཞིར་ལོངས་པ་རེད་ཟེར།   

    རྐང་ཚ་རྫོང་མཚོ་འཁྱིལ་ཞང་བྲ་ཟོག་སྡེ་བའི་སྡེ་དཔོན་ཞོ་བྷོ་ཡིས་བཤད་རྒྱུར། ང་ཚོའི་སྡེ་བ་འདི་ནི་སྔོན་ཆད་རྫོང་ཡོངས་ཀྱི་མངའ་ཁོངས་སུ་ཧ་ཅང་དབུལ་ཕོངས་ཡིན་པའི་སྡེ་བའི་གྲས་ཡིན།ཉིས་སྟོང་བཅོ་ལྔ་ལོར་ང་ཚོ་དབུལ་སྐྱོར་སྡེ་བའི་གྲས་སུ་བཞག་པ་ནས་བཟུང་སྲིད་གཞུང་གིས་རོགས་རེས་མ་དངུལ་དང་འཁོར་རྒྱུགས་ཕྱུགས་ཟོག་སོགས་ཀྱི་རོགས་སྐྱོར་ཐད་སྒོར་ཁྲི་བདུན་ཅུ་ནས་བརྒྱད་ཅུ་བྱིན་པ་རེད། ང་ཚོས་ཀྱང་སྡེ་བའི་ནང་གི་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དམིགས་སུ་བཟུང་སྟེ་ལོ་རེ་བཞིན་ཕྱུགས་ཟོག་འཁོར་རྒྱུགས་ཀྱི་རྣམ་པའི་བགོ་བཤའ་བྱས་པ་ཡིན་ལ། དེར་མ་ཟད་རྫོང་རིམ་པའི་མགོ་ཁྲིད་ཀྱི་སློབ་གསོ་བྱས་པ་བརྒྱུད་ས་གནས་རང་སྟེང་གི་ཐོན་ཁུངས་དང་ལེགས་ཆ་བེད་སྤྱོད་བྱས་ཏེ་ཉིས་སྟོང་བཅོ་ལྔ་ལོ་ནས་མགོ་བརྩམས་ཏེ་སྟག་གཡག་ཐང་སྤྲོ་སྐྱིད་གླིང་ཞེས་བའི་ཡུལ་སྐོར་ལྗོངས་རྒྱུ་བར་དམིགས་པའི་ཟ་ཁང་དང་མགྲོན་ཁང་གཞི་གཅིག་ཅན་གྱི་སྤྲོ་སྐྱིད་གླིང་ཞིག་བཙུགས་པ་ཡིན་ལ་དེ་གཅིག་པུའི་སྟེང་ན་ཡང་ལོ་རེར་ང་ཚོ་སྡེ་བ་སྤྱི་ལ་བགོ་བཤའ་བྱེད་རྒྱུའི་སྒོར་ཁྲི་བཅུ་དྲུག་ལྷག་འདུག ཉིས་སྟོང་བཅུ་དྲུག་ལོར་ང་ཚོས་ཡང་བསྐྱར་མ་རྐང་གི་ལམ་ལུགས་ཀྱིས་རྨི་ལམ་དག་ཞིང་ལྗོངས་རྒྱུའི་ཁམས་གསེང་གྲོང་ཞེས་པའི་ཉིས་ཐོག་ཅན་གྱི་མགྲོན་ཁང་ཞིག་ལས་པ་ཡིན་ལ་དེའི་སྟེང་ན་ཡང་ལོ་རེར་སྒོར་ཁྲི་ཞེ་གཅིག་ལྷག་གི་ཡོང་སྒོ་འདུག དེ་དག་གི་ལས་ཀ་བ་ཡང་རང་གི་སྡེ་བའི་ནང་གི་དབུལ་ཕོངས་མང་ཚོགས་ཀྱི་ན་གཞོན་དག་བཀོད་སྒྲིག་བྱས་ཏེ་ཟླ་རེར་སྒོར་སྟོང་གཉིས་ལྷག་གི་ཟླ་ཕོགས་སྟེར་བཞིན་ཡོད་ཟེར།


དབུལ་ཐར་སྡེ་མི་ཚེ་བྷོ། 

    བྲ་ཟོག་སྡེ་བའི་སྡེ་མི་ཚེ་བྷོ་ཡིས་བཤད་རྒྱུར། ངེད་ཚང་ནི་དབུལ་ཐར་མ་བྱས་གོང་སྡེ་བའི་ནང་དུ་འབྱོར་བ་ཧ་ཅང་ཞན་པའི་ཁྱིམ་ཚང་ཞིག་ཡིན་པ་དང་གཟའ་མི་གཉིས་ཀྱིས་གཞན་ལ་གླ་བྱས་ནས་ཁ་གསོ་བཞིན་ཡོད།ཉིས་སྟོང་བཅོ་ལྔ་ལོར་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་ནས་བཟུང་མ་མཐའི་འཚོ་བའི་འགན་སྲུང་གི་ཐད་ནས་མི་རེར་སྒོར་སྟོང་གཉིས་བཞི་བརྒྱ་དང་རྩྭ་སའི་ཁ་གསབ་ལ་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་བཞི་བཅུ་ལྷག་འདུག་ལ་སྤྲོ་སྐྱིད་གླིང་དུ་ཡང་ལོ་རེར་སྒོར་སྟོང་ལྔ་ལྷག་གི་ཡོང་སྒོ་འདུག ཉིས་སྟོང་བཅུ་བདུན་ལོར་ང་རང་དབུལ་ཐར་བྱས་ཟིན་ལ་ད་ལྟ་རང་གིས་ཚོང་ཁང་ཆུང་བ་ཞིག་ཕྱེས་ཏེ་མ་འོངས་བའི་འཚོ་བ་ལ་ཡིད་ཆེས་དང་རེ་བལྟས་ཀྱིས་ཁེངས་ཡོད་ཟེར། 


གསར་འགོད་པས་ལོ་བརྒྱ་ལ་སོན་པའི་བསོད་ནམས་དཔལ་ཆེན་གྱི་ཨ་ཡེ་ལ་ཁ་བརྡ་བྱེད་ཀྱིན་པ། 

      དེ་ནས་ང་ཚོ་གསར་འགོད་པ་རྐང་ཚ་རྫོང་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པའི་འགྲོ་རོགས་འོག་ཏུ་མཚོ་འཁྱིལ་ཞང་ཆོས་རྗེ་སྡེ་བར་སོང་བ་ཡིན་ལ།གནས་དེར་ཐོན་པ་ན་རྒྱལ་ཁབ་ཀྱི་རྣམ་གྲངས་ཀྱི་ལས་བའི་ཁང་བ་ཞིག་གི་ནང་དུ་སྤུས་ལེགས་ལ་གྲལ་འགྲིག་པའི་ཁྱིམ་ཆས་ཀྱི་སྟེང་ཏུ་རིམ་བྱོན་གཙོ་འཛིན་གྱི་སྐུ་པར་སྒྲིག་འདུག དྲིལ་སྒྲོག་ལས་བྱེད་པས་ངོ་སྤྲོད་བྱས་པ་ལྟར་ན་ཁྱིམ་ཚང་འདིའི་ཁྱིམ་བདག་གི་མིང་ལ་བསོད་ནམས་དཔལ་ཆེན་ཟེར་ལ་ཁོའི་ཨ་མའི་མིང་ལ་ཆོས་མཚོ་ཟེར། ཁོ་རང་ཆུང་དུས་ཕ་མ་གཉེན་འཐོར་བྱས་ཟིན་པས་ཨ་མ་གཅིག་པུས་དཀའ་སྡུག་གི་རྔུལ་ཆུས་ཁྲོད་ནས་གཉོར་སྐྱོང་བྱས་ནས་ནར་སོན་པ་རེད་ཟེར། ཆོས་མཚོ་ཡིས་བཤད་རྒྱུར། ངའི་བྱིས་པ་ལོ་ངོ་བཅུ་ལ་ཐོན་སྐབས་ཁྱོ་ག་དང་ངེད་གཉིས་གཉེན་འཐོར་བྱས་ཟིན་པས་སྐབས་དེར་ང་གཅིག་པུའི་ངལ་རྩོལ་གྱི་ནུས་པ་ལ་བརྟེན་ནས་ལོ་རྒན་བརྒྱད་ཅུར་སོན་པའི་ཨ་མ་དང་ནར་མ་སོན་པའི་བུ་ཕྲུག་གཉིས་ཀ་གཉོར་སྐྱོང་བྱས་པ་ཡིན།སྐབས་དེར་ང་ལ་མཚོན་ན་ཉིན་གཅིག་གི་ལྟོ་བ་རྒྱགས་པར་ཧ་ཅང་དཀའ་ཁག་ཆེ་བའི་ཚོད་རེད།ཡིན་ན་ཡང་ལོ་རེ་ནས་ལོ་རེར་ཇེ་བཟང་ལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་ང་ལ་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་བདེ་སྐྱིད་ཀྱི་རེ་བ་བསྩལ་བྱུང་ལ་ཉིས་སྟོང་བཅོ་ལྔ་ལོར་དབུལ་སྐྱོར་ཁྱིམ་ཚང་གི་གྲས་སུ་བཞག་པ་ནས་ངའི་འཚོ་བའང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་། ད་ལྟ་ངའི་ཨ་མ་ལོ་བརྒྱ་ལ་སོན་འདུག་ལ་སྡེ་བ་འདི་དང་ཐ་ན་རྐང་ཚ་རྫོང་ཡོངས་ནས་ལོ་ན་ཆེས་ཆེ་བ་ཡིན། བུ་ལའང་མནའ་མ་ཞིག་བླངས་ཏེ་བྱིས་པ་ཞིག་སྐྱེས་ཡོད་ལ་ད་ལྟ་ང་རང་བདེ་སྐྱིད་ཀྱི་དགོད་སྒྲས་ཁེངས་བའི་འཚོ་བ་འདི་ལ་ཡིད་ཚིམས་ཡོད་ཟེར། 


བསོད་ནམས་དཔལ་ཆེན་ཚང་། 

མཚོ་སྔོན་པོའི་བྱང་ཕྱོགས་སུ་གནས་པའི་རྫོང་མཁར་འདིས་གོང་རིམ་མགོ་ཁྲིད་ཀྱི་སྲིད་ཇུས་ཡང་དག་ལག་བསྟར་དང་ལྷག་པར་ཏུ་ས་གནས་རང་སྟེང་གི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་ནས་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་བླངས་སྟེ་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་འདུག  

གསར་འགོད་པ། རིག་འཛིན་ཐར། ཚེ་རིང་སྒྲོལ་མ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།