དཔའ་ལུང་རྫོང་གི་གནས་སྤོར་དབུལ་སྐྱོར་གྱིས་མང་ཚོགས་ཁྲི་སྟོང་མང་བོར་ཕན་ཐོགས་བྱུང་ཡོད། 
2020.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཉེ་སྔོན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྗོང་གི་གནོད་ཡོལ་གནས་སྤོར་ལས་གཞི་ཆེན་མོ་སྟེ་མཐའ་རྒྱ་བོད་རིགས་ཞང་གི་སྡེ་བ་གསུམ་ཡུལ་གཞན་དུ་གནས་སྤོར་བྱེད་པའི་ལས་གཞིའི་བཟོ་སྐྲུན་བྲེལ་མྱུར་གྱིས་ལག་བསྟར་བྱེད་བཞིན་ཡོད་ཅིང་། བཟོ་སྐྲུན་གྱི་བརྒྱ་ཆའི་ལྔ་བཅུ་ཡོངས་འགྲུབ་བྱས་ཡོད་པ་དང་། ཚོད་དཔག་བྱས་ན་ཟླ་བརྒྱད་པའི་ཟླ་མཇུག་བར་ཡོངས་སུ་འགྲུབ་ཐུབ། ལས་གཞི་དེ་ནི་ས་གཤིས་གནོད་འཚེའི་ཡོལ་བའི་གནས་སྤོར་ལས་གཞིར་གཏོགས་པ་དང་། ལེགས་འགྲུབ་བྱུང་རྗེས་དཔའ་ལུང་རྫོང་གི་མཐའ་རྒྱ་ཞང་གི་སྡེ་བ་གསུམ་གྱི་ཁྱིམ་ཚང་ཉིས་བརྒྱ་དང་གྱ་དགུའི་མི་སྟོང་གཅིག་དང་ལྔ་བརྒྱ་ལ་ཕན་ཐོགས་འབྱུང་སྲིད། དེའི་ནང་བྱང་བུ་བཟོས་པའི་ཁྱིམ་ཚང་ཞེ་ལྔ་དང་མི་ཉིས་བརྒྱ་དང་བརྒྱད་འདུས་ཡོད། 

གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བའི་ཚུན་ལ། དཔའ་ལུང་རྫོང་གིས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་མང་ཚོགས་རང་འཐད་ཡིན་པའི་རྩ་དོན་གཞིར་བཟུང་སྟེ། རང་བདག་དང་གཅིག་བསྡུས་ཀྱི་བྱེད་ཐབས་སྤྱད་པ་དང་། རིམ་རྩིས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་སྟོང་བདུན་དགུ་བརྒྱ་ལྷག་བཏང་ནས། ཡུལ་ཚོ་དང་གྲོང་རྡལ་བཅུ་གཅིག་གི་སྡེ་བ་ཞེ་དྲུག་ཏུ་གནས་སྤོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས། བསྡོམས་པས་ཞིང་བའི་ཁྱིམ་ཚང་སྟོང་གསུམ་དང་བཅོ་ལྔ་དང་མི་གྲངས་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་སོ་བརྒྱད་གནས་སྤོར་བྱས་ཡོད་ལ། དེའི་ནང་བྱང་བུ་བཟོས་པའི་ཁྱིམ་ཚང་བདུན་བརྒྱ་དང་ལྔ་དང་མི་གྲངས་སྟོང་གཉིས་དང་བརྒྱད་བརྒྱ་གྱ་བཞི་འདུས། དེ་ལས་རྩ་བའི་ཐོག་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཡོད། 

དཔའ་ལུང་རྫོང་གིས་དབུལ་ཕོངས་ཀྱི་གནས་ལས་ཐར་བ་དང་ཡོང་འབབ་དམའ་བའི་ཐོན་ལས་བསྒྱུར་བ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། མི་རེའི་སྒོར་སྟོང་ལྔ་དང་བཞི་བརྒྱའི་ཐོན་ལས་ལས་གཞིའི་འཕེལ་རྒྱས་མ་དངུལ་དང་སྡེ་བ་རེའི་སྒོར་འབུམ་ལྔའི་རོགས་ལས་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། གནས་སྤོར་མང་ཚོགས་ཀྱིས་ཁྱིམ་ཚང་གཅིག་ལ་ཐོན་ལས་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པའི་ཕྱོགས་ལ་རྒྱབ་སྐྱོར་བྱས། འཐེན་ཐུག་དཔལ་འབྱོར་དང་ནོར་ལུག་གི་གསོ་སྤེལ། སྐྱེལ་འདྲེན་ཞབས་ཞུ། ཚོང་གཉེར་ཁང་བ་ཉོ་བ། ཁྱིམ་དོན་ཞབས་ཞུའི་ཀུང་ཟི་སོགས་དངོས་ཕུང་དཔལ་འབྱོར་ལ་བརྟེན་ནས། གནས་སྤོར་ཐུབ་པ་དང་གཏན་འཇགས་ཡོང་བ། ཐོན་ལས་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས། 

དེའི་ཞོར་དུ་གཞི་ས་ཡང་བསྐྱར་ཞིང་དུ་རྨོ་བ་དང་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ། རྨོ་སྐྱུར་ནགས་འདེབས། གླ་ཤིང་ནགས་ཀྱི་བསྒྱུར་བཀོད་སོགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་། དབུལ་ཕོངས་མང་ཚོགས་དག་ལྷད་མེད་བཟའ་བཏུང་ལ་རོལ་བ་དང་ཕྱུག་འགྱུར་གྱི་ལམ་དུ་ཞུགས་སུ་བཅུག་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།