མཱ་ཝེ་ཡིས་མིན་ཡོན་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།
2020.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ས་ཚིགས་དང་དབུལ་སྐྱོར་ཐོན་ལས་གླིང་། ལྗང་མདོག་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཅས་སུ་སོང་ནས། དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་རྟོག་ཞིབ་བྱས་པ་ལས་གཞན། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཁེ་ལས་ཀྱིས་དབུལ་པོ་དང་དབུལ་པོ་ཕྱུག་འགྱུར་གྱི་ལམ་བུར་འཁྲིད་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པར་མ་ཟད། ད་དུང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

མཱ་ཝེ་ཡིས་མིན་ཡོན་རྫོང་གི་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ནས། ཕྱིས་འབྱུང་གི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ནས་ནན་གྱིས་བསྟན་དོན། ལས་ཀའི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། པྲོག་དབྱིབས་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་གསར་པ་ཡག་པོ་རྒྱག་དགོས་པ་དང་། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་འཚོལ་བ་དང་འགྱུར་ལྡོག་ཁྲོད་ལས་འགོ་གསར་པ་འཛིན་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཡུལ་གཞན་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ། དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ། དབུལ་སྐྱོར་ཁེ་ལས་ཀྱི་ཐོན་ལས་གང་མགྱོགས་ལས་འགོ་བསྐྱར་རྩོམ་དང་ཐོན་ཚད་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མཁྲེགས་གཏོར་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཆེད་དོན་དམག་འཐབ་ཡག་པོ་རྒྱག་དགོས། དབུལ་ཐར་མཁྲེགས་གཏོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་པོ་ཉུང་གཏོང་གི་འཐབ་ཇུས་དང་ལས་ཀའི་མ་ལག་བརྟན་པོའི་ངང་ཚུལ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་དང གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཡང་བསྐྱར་ཕྱིར་དབུལ་པོར་འགྱུར་གྱིན་པའི་ཁྱིམ་ཚང་དང་དབུལ་ཕྱུག་གཉིས་ཀྱི་མཐའ་མཚམས་སུ་གནས་པའི་ཁྱིམ་ཚང་ལ། དུས་བཀག་བཞིན་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་བཙུགས་ནས། དབུལ་ཐར་ངོ་མ་དང་དབུལ་ཐར་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་ཟེར།

ལོ་ཙྭ་བ།བན་དེ་སྐྱབས།