ཡན་ཅིན་ཧེ་ཡིས་རིག་སྟོབས་ལྡན་པའི་ཞིང་ཕྱུགས་ལས་དང་ཆུ་བེད་དབུལ་སྐྱོར་གྱི་གཞི་གྲངས་ཆེན་པོའི་བྱ་བར་རྟོག་ཞིབ་བྱས།
2020.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གི་བྱ་བའི་རེ་བ་ལྟར། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཀྲུང་གོའི་ལེན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟི་རུ་སོང་ནས། རིག་སྟོབས་ལྡན་པའི་ཞིང་ཕྱུགས་ལས་དང་ཆུ་བེད། དབུལ་སྐྱོར་གཞི་གྲངས་ཆེན་པོ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས་ཡན་ཅིན་ཧེ་ཡིས་རིག་སྟོབས་ལྡན་པའི་ཞིང་ཕྱུགས་ལས་དང་ཆུ་བེད་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། དབུལ་སྐྱོར་གཞི་གྲངས་ཆེན་པོའི་སྟེགས་བུ་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། གཞི་གྲངས་དཔལ་འབྱོར་དུས་སྐབས་སུ། རིག་སྟོབས་ལྡན་པའི་ཞིང་ཕྱུགས་ལས་དང་ཆུ་བེད་ཀྱི་གོ་དོན་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་དངོས་འབྲེལ་དྲ་རྒྱ་དང་ཁུལ་དུམ་འབྲེལ། སྤྲིན་རྩིས། གཞི་གྲངས་ཆེན་པོ་སོགས་ཀྱི་གསར་དར་ལག་རྩལ་དང་མཉམ་བསྲེས་བྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་གྱུར་ཡོད། གཞི་གྲངས་ཆེན་པོའི་ཁྱད་སྟོབས་ཀྱིས་དབུལ་སྐྱོར་སྔར་ལས་གནད་ལ་འཁེལ་བ་བྱེད་ཐུབ་པར་མ་ཟད། ལས་བྱེད་པའི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། བྱ་བའི་རྩོལ་ནུས་མཐོར་འདེགས་སུ་བཏང་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། རིག་སྟོབས་ལྡན་པའི་ཞིང་ཕྱུགས་ལས་དང་གཞི་གྲངས་ཞིང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ལས་སྣོན། འཁོར་རྒྱུག་རིག་ནུས་ཅན་དུ་བསྒྱུར་བ། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ་རྒྱུན་རྣམ་ཅན་དུ་བསྒྱུར་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཆེད། མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་སུ་གཏོང་དགོས། ཆུ་བེད་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ལ་དམིགས་པ་དང་། སྐབས་གསར་བའི་ཆ་འཕྲིན་ལག་རྩལ་དང་ཆུ་བེད་ལས་སྒོ་གཉིས་མཉམ་བསྲེས་གཏིང་ཟབ་བྱེད་པ། འདུ་ཤེས་དང་ལག་རྩལ། དོ་དམ་ཕྱོགས་ནས་རིག་སྟོབས་ལྡན་པའི་ཆུ་བེད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རིག་སྟོབས་ཅན་གྱི་དོ་དམ་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གཞི་གྲངས་ཆེན་པོ་བཀོལ་སྤྱོད་བྱེད་པ་བརྒྱུད་དེ། དབུལ་སྐྱོར་བྱེད་ཡུལ་གྱི་ཆ་འཕྲིན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། དབུལ་སྐྱོར་གཞི་གྲངས་ཀྱི་གནད་ཕིགས་ཀྱི་ཚད་དང་གནད་ཕིགས་དབུལ་སྐྱོར་གྱི་ལས་ཆོད་མཐོར་འདེགས་བཏང་ནས། དབུལ་ཕོངས་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།