དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྙེག་པའི་ཆོས་རྗེ།
2020.06.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 191

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཞང་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་མཐའ་བཞི་རི་ཚོགས་ཀྱིས་བརྒྱན་ཞིང་སྤང་ཐང་གཡུ་ཡི་གཞོང་པ་ལྟ་བུའི་རྩྭ་ཐང་དུ་ཆགས་ཤིང་། གནས་དེའི་མི་རྣམས་ཀྱིས་ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་བྲེལ་འཚུབ་དང་འདུ་འཛི་ཡི་ཀློང་ནས་ངལ་རྩོལ་གྱི་ལས་ལ་འབད་འབུངས་བྱས་ཏེ། དབུལ་ཐར་དང་ཕྱུག་འགྱུར་གྱི་གཏམ་རྒྱུད་མང་པོ་བྲིས་ཡོད། གསར་འགོད་པ་དག་ཆོས་རྗེ་ཞང་དུ་ཐོན་པ་ན་ཆོས་རྗེ་ཞང་གི་ཞང་གཙོ་གཞོན་པ་བཀྲ་ཤིས་ཚེ་རིང་གིས་ཆོས་རྗེ་ཞང་གི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱེད་རྒྱུར།

ང་ཚོ་ཆོས་རྗེ་ཞང་ལྟ་བུར་མཚོན་ན་སྡེ་བ་བརྒྱད་ཡོད་པ་དང་།དེའི་ནང་སྡེ་བ་བཞི་དབུལ་ཕོངས་སྡེ་བ་ཡིན།2015ལོ་ནས་བཟུང་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང་སྟེ།དཀའ་ངལ་ཅན་གྱི་ཁྱིམ་ཚང་བཞི་བརྒྱ་གྱ་གཉིས་དང་མི་གྲངས་སྟོང་གཅིག་སུམ་བརྒྱ་གྱ་གཅིག་དབུལ་ཕོངས་ཀྱི་གྲས་སུ་བཞགདེས་ཡུལ་ཚོ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཅུ་བདུན་ནས་བཅོ་བརྒྱད་ཙམ་ཟིན།དེའི་རྐྱེན་གྱིས་ང་ཚོའི་འགན་ཁུར་ཧ་ཅང་ལྕི།ཡིན་ཡང་།གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་སྡེ་བ་སོ་སོའི་རྩ་འཛུགས།སྡེ་བ་སོ་སོར་མངགས་པའི་སྡེ་སྡོད་ལས་བྱེད་མི་སྣ་བཅས་བརྒྱུད་ནས་སློབ་གསོ་དང་སྡོད་ཁང་།ལག་རྩལ་གསོ་སྦྱོང་།ཡོང་སྒོ་འཕར་སྣོན།ཐོན་ལས་འཕེལ་རྒྱས་བཅས་ཕྱོགས་གང་ཐད་ནས་བརྩོན་པ་བྱས་ཏེ།2018དང2019ལོ་གཉིས་བརྒྱུད་དེ་དབུལ་ཕོངས་མང་ཚོགས་ཐམས་ཅད་དབུལ་ཐར་བྱས།ལྷག་པར་དུ་ཆུ་སྐྱ་སྡེ་བ་དང་མོག་ཝེ་སྡེ་བ་ལྟ་བུར་མཚོན་ན།རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་པའི་སྡེ་བ་གཉིས་རེད།དེའི་རྐྱེན་གྱིས་ང་ཚོས་སྡོད་གནས་གཞན་སྤོར་གྱི་རྣམ་གྲངས་བརྩོན་ལེན་བྱས་ཏེ་མ་དངུལ་འབོར་ཆེན་བཏང་བ་ཡིན།རྣམ་གྲངས་འདི་བརྩོན་ལེན་བྱས་པ་ནས་བཟུང་སྟེ་མང་ཚོགས་ལ་སློབ་གསོ་བཏང་བ་དང་།ཆུ་གློག་ལམ་གསུམ་གྱི་རྣམ་གྲངས་མང་པོ་ལག་བསྟར་བྱས་ལ། ད་སྐབས་བདེ་བླག་ངང་དབུལ་ཐར་བྱས་ཡོད་པ་མ་ཟད་མ་འོངས་པའི་མདུན་ལམ་དང་འཕེལ་རྒྱས་ཁ་ཕྱོགས་ཀྱང་བཙལ་ནས་རྙེད་ཡོད།ལྷག་པར་དུ་མོག་ཝེ་སྡེ་བ་ལྟ་བུར་མཚོན་ན་སྡེ་བའི་ཁེ་ལས་བཙུགས་པ་དང་། རྒྱལ་ལམ109ལ་བརྟེན་ནས་ལམ་འགྲམ་དུ་ཚོང་ར་གཉེར་བཞིན་ཡོད་ལ།ཆུ་སྐྱ་སྡེ་བས་ཀྱང་ཕྱུགས་ལས་ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས།སྡེ་བའི་རྩྭ་ས་དང་ཕྱུགས་ཟོག་བཅས་ཐོན་ཁུངས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་མཉམ་ལས་ཁང་བཙུགས་པ་དང་།བསྟུད་མར་ལོ་གསུམ་གྱི་རིང་སྒོར་ས་ཡ་གསུམ་ནས་བཞི་བགོ་བཤའ་བརྒྱབ་ཡོད།དེ་ནི་གུང་ཧོ་རྫོང་ཁོངས་ཀྱི་སྡེ་བ་གཞན་དང་བསྡུར་ན་ཅུང་ཁྱད་ཆོས་ཡོད་པ་ཞིག་ཡིན།

གསར་འགོད་པ་ཆོས་རྗེ་ཞང་ལ་ཐོན་པ་ན་ཆེས་ཐོག་མར་མིག་ལམ་དུ་སྣང་བ་ནི་གྲལ་སྟར་བསྒྲིགས་པའི་སྡོད་ཁང་དག་རེད་ལ། རྒྱུས་ལོན་བྱུང་བ་ལྟར་ན། མ་གཞི་དེ་ནི་ཡུལ་གཞན་གནས་སྤོར་བྱས་པའི་གཏན་སྡོད་ཀྱི་མོག་ཝེ་སྡེ་བའི་སྡོད་ཁང་རེད། མོག་ཝེ་སྡེ་བ་ནི་ལོ་རྒྱུས་རིང་པོ་ཡོད་པའི་སྡེ་བ་ཞིག་ཡིན་པ་དང་། མོག་ཝེ་ཞེས་པ་ནི་སོག་སྐད་ཀྱི་ཐ་སྙད་ཅིག་ཡིན་ལ། སྦྲུལ་མང་པོའི་གནས་ཞེས་པའི་དོན་རེད། ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་ནས་སྡེ་བ་དེ་རྒྱ་བོད་མཉམ་འདུས་ཀྱི་སྡེ་བ་ཞིག་ཏུ་གྲུབ་ཡོད་ལ། བོད་རིགས་མི་གྲངས་ཀྱིས་སྡེ་བ་ཡོངས་ཀྱི་མི་གྲངས་ཁྲོད་བརྒྱ་ཆའི་གོ་གསུམ་ཟིན་ཡོད། ཉིས་སྟོང་བཅུ་བདུན་ལོར་གཏན་སྡོད་བྱས་པ་ནས་བཟུང་། སྡེ་བ་དེས་གོང་རིམ་སྲིད་གཞུང་གི་རོགས་སྐྱོར་དང་སྡེ་བ་རང་གིས་མ་རྐང་བཞག་པ་ལ་བརྟེན་ནས་སོ་ཕག་གི་བཟོ་གྲྭ་ཞིག་བཙུགས་ཤིང་། བཟོ་གྲྭ་དེ་ལ་བརྟེན་ནས་སྡེ་མི་ཡོངས་ཀྱི་ཡོང་སྒོ་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བར་ཁག་ཐེག་བྱས་འདུག མོག་ཝེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་རྒྱལ་གྱིས་སྡེ་བ་སྤྱིའི་གནས་ཚུལ་སྐོར་ནས་བཤད་རྒྱུར།

ང་ཚོའི་མོག་ཝེ་སྡེ་བར་ཁྱིམ་ཚང་བརྒྱ་དང་ཉེར་དགུ་ཡོད།2018ལོར་རྒྱལ་ལམ109ཡི་འགྲམ་རྒྱུད་དུ་གནས་སྤོར་བྱས།དབུལ་ཕོངས་ཁྱིམ་ཚང་སུམ་ཅུ་ཡོད།གནས་སྤོར་མ་བྱས་སྔོན་སློབ་གྲྭ་དང་ཆུ་གློག་ལམ་གསུམ་མི་བཟང་བས།གཅིག་གྱུར་སྒོས་ཁྱིམ་ཚང་བརྒྱ་དང་ཉི་ཤུ་གནས་སྤོར་བྱས་པ་ཡིན།2018ལོའི་ཟླ་བཅུ་བར་ཁྱིམ་ཚང་ཡོངས་གནས་སྤར་ཚར་བ་དང་།རྗེས་ཕྱོགས་ཀྱི་འཚོ་བའི་ཐད་སྡེ་བའི་ནང་དུ་ཚོགས་འདུ་གང་མང་ཚོགས་ནས་སྡེ་བའི་འགྲམ་གྱི་སོ་ཕག་བཟོ་གྲྭ་དང་རྒྱལ་ལམ109ཡི་འགྲམ་རྒྱུད་དུ་རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བརྒྱད་སུམ་བརྒྱའི་གནས་སུ་ད་ལོ་ནས་འགོ་བརྩམས་ཏེ་ཚོང་ཁང་ལས་བཞིན་ཡོད།

མོག་ཝེ་སྡེ་བར་མཚོན་ན་དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མ་ཡིན་པའི་ཁྱིམ་ཚང་སོགས་ཚང་མས་ཐོན་ལས་ལ་བརྟེན་ནས་དབུལ་ཐར་དང་ཕྱུག་འགྱུར་གྱི་ལམ་དུ་ཞུགས་ཤིང་། སྡེ་བའི་དབུལ་ཕོངས་ཁྱིམ་ཚང་སུམ་ཅུ་ལས་ཁྱིམ་ཚང་བཅོ་ལྔ་ལ་གོང་རིམ་སྲིད་གཞུང་གིས་མ་དངུལ་བཏང་ནས་ཕྱུགས་ཟོག་ཉོས་ཤིང་། ཁྱིམ་ཚང་བཅོ་ལྔ་ལ་རྐང་གསུམ་འདྲུད་འཁོར་རེ་ཉོས་ནས་བྱིན། སྡེ་བ་དེས་རང་སྡེ་བའི་ནང་དུ་བཙུགས་པའི་གུང་ཧོ་ཅན་མའེ་སི་ཨར་འདམ་བཟོ་སྐྲུན་ཚད་ཡོད་ཀུང་སིས་ཀྱང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་དབུལ་ཕོངས་མ་ཡིན་པའི་ཁྱིམ་ཚང་ལས་ལྷག་པའི་དམིགས་བསལ་གྱི་རྒྱབ་སྐྱོར་བྱས་ཏེ་སོ་ཕག་སྐྱེལ་འདྲེན་གྱི་ལས་ཀ་གང་མང་མཁོ་སྤྲོད་བྱེད་ཀྱིན་ཡོད། ང་ཚོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་རྒྱལ་དང་ལྷན་དུ་སོ་ཕག་བཟོ་གྲྭར་ཐོན་པ་ན། ཏག་ཏག་ཡིག་ཚགས་བཙུགས་ཤིང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་མི་ཚེ་རིང་རྡོ་རྗེ་ཡིས་སོ་ཕག་སྐྱེལ་འདྲེན་བྱེད་བཞིན་པར་འཕྲད་པ་དང་། དེ་ནས་ཁོ་ལ་ཡོང་སྒོ་དང་འཚོ་བའི་འགྱུར་ལྡོག་ཐད་ནས་བཅར་འདྲི་ཞིག་བྱས་པ་ན། ཁོས་བཤད་རྒྱུར།

དེ་སྔོན་ང་རང་གིས་ཕྱུགས་ཟོག་གསོས་པ་ཡིན།ཕྱུགས་ཟོག་འཚོས་ན་ཡོང་སྒོ་བཟང་མོད་འགྲོ་སོང་ཡང་མང་།སོ་ཕག་བཟོ་གྲྭ་ནས་རྒྱུན་ལྡན་དུ་ལས་ཀ་ལས་ན་ཡོང་སྒོ་བཟང་ལ་འགྲོ་སོང་ཆེན་པོ་མེད།ལོ་གཅིག་གི་ནང་སྒོར་ཁྲི་བདུན་ནས་བརྒྱད་བཙལ་ཐུབ་པས་གནས་འདིར་ལས་ཀ་ལས་ན་ཡོང་སྒོ་བཟང་།དེ་མིན་བྱིས་པ་སློབ་གྲྭ་བསྐྱལ་བ་དང་ལོ་ལོན་གཉོར་སྐྱོང་བྱེད་པ་ཚང་མར་སྟབས་བདེ་ལ།སོ་ཕག་བཟོ་གྲྭ་རུ་ལས་ཀ་མེད་དུས་སྡེ་བའི་ཉེ་འགྲམ་ནས་ལས་ཀ་བཙལ་ན་ཡང་ཡོང་སྒོ་ལེན་ཐུབ་པས།ད་ལྟའི་ལས་ཀ་འདི་ཧ་ཅང་བཟང་།

ད་ལྟ་སྡེ་བ་འདིའི་དབུལ་ཕོངས་ཁྱིམ་མི་རྣམས་ཀྱིས་རང་གི་ས་གནས་ནས་ཡོང་སྒོ་འཚོལ་ཐུབ་པར་མ་ཟད། ཁྱིམ་གྱི་ལས་ཀ་དང་བྱིས་པའི་སློབ་གསོ། ཕ་མར་སྲི་ཞུ་སྒྲུབ་པ་སོགས་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་བསྐྲུན་འདུག

ང་ཚོ་གསར་འགོད་པ་མུ་མཐུད་དུ་རྒྱལ་ལམ་གཅིག་ཐིག་དགུ་བརྒྱུད་དེ་ཆོས་རྗེ་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ་ཉི་ཤུ་ཙམ་ཡོད་པའི་ཆུ་སྐྱ་སྡེ་བར་ཆས་པ་ན།ཆུ་སྐྱ་སྡེ་བས་ཀྱང་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་ལ་བརྟེན་ནས་སྡེ་བའི་དཔལ་འབྱོར་ཡོང་འབབ་འཕར་སྣོན་བྱུང་ཞིང་། ད་ལྟ་སྡེ་བའི་མང་ཚོགས་ཡོད་ཚད་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཡོད་པ་མ་ཟད། དབུལ་ཕོངས་ཁྱིམ་ཚང་དག་གིས་ཀྱང་དབུལ་ཕོངས་རྒྱང་དུ་བསྐྱུར་ཞིང་འབྱོར་འབྲིང་གི་ལམ་དུ་གོམ་པ་སྤོ་བཞིན་འདུག གསར་འགོད་པས་ཁོ་ཚོའི་ཐོན་ལས་དབུལ་སྐྱོར་གྱི་གནས་ཚུལ་དང་ཕན་འབྲས་ཕྱོགས་ནས་རྒྱུས་ལོན་བྱས་པ་ན། ཆུ་སྐྱ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་འཇམ་དཔལ་གྱིས་མཉམ་ལས་ཁང་དུ་མ་རྐང་འཇོག་པའི་ཚད་གཞིའི་ཐད་ནས་བཤད་རྒྱུར།

མ་རྐང་བཞག་པ་ཚང་མ་འདྲ་འདྲ་ཡིན་ལ།དབུལ་ཕོངས་ཁྱིམ་ཚང་རྣམས་ལ་གོང་རིམ་གྱིས་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་སྟོང་དྲུག་དང་བཞི་བརྒྱ་བྱིན་ཡོད་པ་དང་།དེའི་སྟེང་རྩྭ་ས་དང་ཞིང་ས་མ་རྐང་དུ་བཞག་ཡོད་པ་དང་།དབུལ་ཕོངས་མ་ཡིན་པའི་ཁྱིམ་ཚང་གིས་ལུག་བཅུ་དགུ་དང་ནོར་གཅིག་མ་རྐང་དུ་བཞག་ཡོད།དེ་ནི་ཚང་མ་འདྲ་མཉམ་ཡིན།དེ་ལྟར་ཆ་སྙོམས་ཀྱིས་མ་རྐང་བཞག་ན་རྗེས་ཕྱོགས་ཀྱི་བགོ་བཤའ་རྒྱག་སྐབས་བསམ་འཆར་མེད་པར་བྱས་པ་ཡིན།མ་རྐང་གཅིག་སྒོར་སྟོང་གཅིག་རེད།ད་སྐབས་ཡོང་སྒོའི་བརྒྱ་ཆའི་ཉེར་ལྔ་སྡེ་བའི་འཁོར་སྐྱོད་མ་དངུལ་དུ་བཞག་པ་དང་།དེའི་འཕྲོ་མའི་བརྒྱ་ཆའི་དོན་ལྔ་ལོ་རེར་མང་ཚོགས་ལ་བགོ་བཤའ་རྒྱག་བཞིན་ཡོད།

གསར་འགོད་པ།ལོ་གཅིག་ལ་ཡོང་འབབ་ག་འདྲ་བགོ་བཤའ་རྒྱག་བཞིན་ཡོད་དམ།

འཇམ་དཔལ།ཡོང་སྒོ་ཆེས་བཟང་ན་ལོ་གཅིག་ལ་སྒོར་ཁྲི་གསུམ་ཡས་མས་ཡོད་པ་དང་།2017དང2018ལོ།2019ལོ་བཅས་ལ་བགོ་བཤའ་བརྒྱབ་པ་ཡིན།ལོ་གསུམ་གྱི་རིང་ལ་སྒོར་ས་ཡ་གསུམ་ནས་བཞི་བགོ་བཤའ་བརྒྱབ་པ་ཡིན་པས།མང་ཚོགས་ཀྱིས་ཀྱང་བསྟོད་བསྔགས་བྱས་ཏེ་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།

ཆུ་སྐྱ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་ཉིས་སྟོང་བཅུ་གསུམ་ལོར་བཙུགས་ཤིང་། མིག་སྔར་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་ཉིས་བརྒྱ་ལྔ་བཅུ་དང་མི་གྲངས་དགུ་བརྒྱ་དང་བཅུ་གསུམ་ཡོད།རྩྭ་ས་མུའུ་འབུམ་བཞི་དང་ཁྲི་གཉིས་གཅིག་བསྡུས་བྱས། རྨོ་ཞིང་མུའུ་སྟོང་གཅིག་དང་བརྒྱད་བརྒྱ་སོ་གཉིས། ཕྱུགས་ཟོག་ཁྲི་གཅིག་དང་དགུ་བརྒྱ་ཞེ་དགུ་ཡོད། མཉམ་ལས་ཁང་འདིས་འགན་འཁུར་གྱི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཚད་ལྡན་རང་བཞིན་གྱི་ཐོན་སྐྱེད་བྱེད་ཐབས་ལག་བསྟར་བྱས་པ་དང་། གཞི་རྒྱ་ཆེ་ཞིང་གཅིག་གྱུར་གྱི་གསོ་སྤེལ་ཐབས་ལམ་མངོན་འགྱུར་བྱུང་བ་མ་ཟད། ཁྲོམ་ར་གསར་སྐྲུན་བྱས་ཏེ་མཉམ་ལས་ཁང་གི་ཕན་འབྲས་ལོ་རེར་ཇེ་མཐོར་འགྲོ་བཞིན་འདུག དབུལ་ཐར་མང་ཚོགས་སི་ངྷི་སྐྱབས་ཀྱིས་བཤད་རྒྱུར།

ངེད་ཚང་སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་གྲས་ཀྱི་གཅིག་ཡིན།དེ་སྔོན་ངེད་བཟའ་ཟླ་གཉིས་ཀྱིས་སྨན་རྩྭ་འཐུ་བ་དང་ཞོར་ལས་བྱས་ན་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་གཅིག་ཡས་མས་རེད།དེ་ནས་སྡེ་བ་འདིའི་ནང་གནས་སྤར་རྗེས།ཁང་བ་འདི་འདྲའི་བཟང་བ་ལས་པ་དང་ཆུ་གློག་ལམ་གསུམ་ཚང་མ་འཛོམས་ཡོད།མཉམ་ལས་ཁང་དུ་ཐོན་ལས་དབུལ་སྐྱོར་གྱི་སྒོར་སྟོང་དྲུག་དང་བཞི་བརྒྱའི་ནོར་ཉོས་ཏེ་མ་རྐང་དུ་བཞག་པ་ཡིན།

གསར་འགོད་པ།ཁྱོད་ཀྱིས་ད་ལྟ་ལོ་གཅིག་གི་ནང་ཡོང་སྒོ་ག་འདྲ་འཚོལ་ཐུབ།

སི་ངྷི་སྐྱབས།མཉམ་ལས་ཁང་དུ་ལོ་གཅིག་ལ་སྒོར་ཁྲི་གཉིས་ལྷག་གི་ཡོང་སྒོ་ཡོད་པ་དང་།རྩྭ་སྲུང་ལ་སྒོར་ཁྲི་གཉིས་ལྷག་གི་ཡོང་སྒོ་ཡོད།རྩྭ་སའི་ཁ་གསབ་མ་དངུལ་སྒོར་ཁྲི་གཅིག་ལྷག་གི་ཡོང་སྒོ་ཡོད་པས།ལོ་གཅིག་ལ་སྒོར་ཁྲི་བདུན་ལྷག་གི་ཡོང་སྒོ་ཡོད།ངེད་ཚང་ལ་ཁྱིམ་མི་བཞི་ཡོད་པ་དང་དཀའ་ཁག་ཅི་ཡང་མེད་ལ།སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས།གོང་རྒྱལ་ཁབ་ནས་སྡེ་བའི་འགོ་གཙོ་སོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

ཆོས་རྗེ་རྩྭ་ཐང་དུ་མོག་ཝེ་དང་ཆུ་སྐྱ་སྡེ་བས་མཚོན་པའི་མཐོ་སྒང་གི་གྲོང་ཚོ་རེ་རེའི་དབུལ་ཐར་དང་ཕྱུག་འགྱུར་གྱི་རྨི་ལམ་རིང་མོ་ལ་མངོན་སུམ་གྱི་གཤོག་པ་ཐོགས་ནས། དུས་རབས་གསར་པའི་མཛེས་སྡུག་གི་འཚོ་བའི་གོམས་སྟབས་ཀློང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རླབས་རྒྱུན་དྲག་ཏུ་འཕྱུར་ཏེ། དབུལ་ཕོངས་དང་མེད་མུག་གི་དཀའ་སྡུག་རྒྱང་དུ་དོར་ཞིང་། འབྱོར་ཕྱུག་དང་དཔལ་ཡོན་གྱི་འཚོ་བ་ལ་ལོངས་སུ་སྤྱོད་ཀྱིན་འདུག

                                                                        གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།