སྟག་ཐང་སྡེ་བའི་འཕོ་འགྱུར།
2020.07.06 ཁུངས། ཀློག་གྲངས། 1131

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ནི་རི་མཐོན་པོ་གནམ་གྱི་ཀ་བ་ཡོད་པ། ཐང་བདེ་མོ་གོས་ཀྱི་གདན་ཆ་འཛོམས་པ། ཆུ་གཙང་མ་ཡན་ལག་བརྒྱད་ལྡན་འཛོམས་ས། གནས་གྲགས་ཅན་བྲག་དཀར་སྤྲེལ་རྫོང་གི་ཉེ་འདབས་སུ་ལྷོད་གྱིག་གེར་ཆགས་འདུག་ལ། ས་བབ་ཀྱི་དབང་གིས་ནམ་ཟླ་དབྱར་དུས་སུ་སླེབས་ཀྱང་དཔྱིད་ཀའི་ཉམས་སྣང་ཞིག་གིས་ཡོངས་སུ་ཁེངས་འདུག ལྷག་པར་ཏུ་ཞིན་ཧེ་རྫོང་གི་ལྷོ་ཕྱོགས་ཀྱི་ཞང་གསུམ་ནི་ས་གཤིས་རྩུབ་ཅིང་རི་ཀླུང་ལ་བསྲིངས་པའི་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་མཐར་ད་གཟོད་ཐོན་ཐུབ། ཆར་བ་ཟམ་ཟིམ་དུ་འབབ་པའི་སྔ་དྲོ་ཞིག་ལ། ང་ཚོ་བཅར་འདྲི་ཚན་ཆུང་ཞིན་ཧེ་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་ལྷན་དུ་འབྲོང་མཐིལ་ཞང་སྟག་ཐང་སྡེ་བའི་ཕྱོགས་སུ་ཆས་པ་ཡིན།

སྟག་ཐང་སྡེ་བ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་ང་བདུན་ཡོད་པའི་མཚམས་སུ་གནས་ཡོད་ཅིང་། ས་མགོའི་མཐོ་ཚད་ཆ་སྙོམས་རྨིད་སུམ་སྟོང་ལྔ་བརྒྱའི་ཡན་ཡོད། སྡེ་བ་ཡོངས་སུ་བསྡོམས་པས་རུ་ཁག་ལྔ་དང་ཁྱིམ་ཚང་སུམ་བརྒྱ་སོ་བརྒྱད། མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་ཞེ་བརྒྱད་ཡོད། དེ་སྔོན་སྡེ་བ་དེ་ནི་ཆ་རྐྱེན་ཞན་ལ་ཐོན་ཁུངས་མེད་པའི་སྡེ་བ་ཞིག་ཡིན་པ་དང་། 2015ལོར་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ལག་བསྟར་བྱས་རྗེས། གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་བརྟན་གྱི་སྣེ་ཁྲིད་འོག ད་ལྟ་སྡེ་བའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོས་སྡེ་སྡོད་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་བརྟན་ལ་སྡེ་བའི་གནས་ཚུལ་དྲིས་པ་ན། ཁོས་བཤད་རྒྱུར།

རྩ་འཛུགས་པུའུ་ཡི་བཀོད་སྒྲིག་ལྟར་དུ2015ལོར་སྟག་ཐང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་ཏེ་དབུལ་སྐྱོར་གྱི་བྱ་བ་འདི་བསྒྲུབས་པ་ཡིན།དང་ཐོག་སྡེ་བའི་ནང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།གོང་རིམ་ནས་བྱིན་པའི་རྣམ་གྲངས་ཀྱི་མ་དངུལ་ཇི་ལྟར་བཀོད་སྤྱོད་བྱེད་པར་གྲོས་བསྡུར་བྱས།ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས2018ལོའི་ཟླ་བདུན་པར་ཐོན་ལས་མ་དངུལ་སྒོར་འབུམ་བཞི་དང་ཁྲི་དགུ་སྟོང་དགུ་ཉིས་བརྒྱ་མར་བྱིན།འབྲོང་མཐིལ་ཞང་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ།སྡེ་བའི་ནང་དུ་སོང་ནས་གྲོས་བསྡུར་བྱས་ཏེ་ཐུན་མོང་གི་མ་དངུལ་ཨ་ཆེན་གངས་རྒྱབ་ཀུང་སི་རུ་མ་རྐང་དུ་བཞག་པ་དང་།ལོ་རེར་བརྒྱ་ཆའི་བཅུ་ཡི་ཡོང་སྒོ་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་ཡིན།དེ་མིན་སྡེ་བ་སྤྱིའི་མ་དངུལ་སྒོར་ས་ཡ་གཅིག་དེ་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག་ནས།ཟི་ལིང་ལིས་མིན་གོམ་བགྲོད་སྲང་ལམ་དུ་ཚོང་ཁང་ཉོས་ཏེ།ལོ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་ལོ་རེའི་སྐྱེད་ཀ་སྒོར་ཁྲི་བདུན་མང་ཚོགས་ལ་བགོ་བཤའ་བརྒྱབ།

སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལས་གཞན། སྟག་ཐང་སྡེ་བར་རང་བྱུང་རྩྭ་ས་མུའུ་འབུམ་གཉིས་དང་ཁྲི་དགུ་ལྷག་ཡོད་པ་དང་། རྩྭ་ས་མུའུ་འབུམ་གཉིས་དང་ཁྲི་གཉིས་ལྷག་ལ་རྒྱལ་ཁབ་ཀྱི་རྩྭ་སའི་ཁ་གསབ་མ་དངུལ་སྟེར་བཞིན་ཡོད། 2017ལོར་རྩྭ་སའི་ཁ་གསབ་མ་དངུལ་དང་རྩྭ་ཕྱུགས་དོ་མཉམ་གྱི་ཁ་གསབ་མ་དངུལ། ནགས་ས་བསྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་སོགས་བསྡོམས་པས་སྒོར་ས་ཡ་ལྔ་བྱིན་ལ། དེ་དག་མང་ཚོགས་ལ་བགོ་བཤའ་བརྒྱབ་པས། མང་ཚོགས་ལ་ཕྱོགས་མང་པོའི་ཡོང་སྒོ་ཡོད། སྡེ་སྡོད་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་བརྟན་གྱིས་ལོ་འདི་དག་གི་རིང་ལ་ལས་གཞི་གང་དག་ལག་བསྟར་བྱས་པའི་ཐད་ནས་བཤད་རྒྱུར།

2018ལོར་ཉེན་ཁ་ཅན་གྱི་ཁང་བ་ཉེར་གཅིག་ལས་པ་དང་།དབུལ་ཕོངས་ཁྱིམ་ཚང་བཅུ་གཅིག་གི་ཁང་བ་བསྐྱར་ལས་བྱས།དེ་མིན2018ལོར་མ་དངུལ་སྒོར་འབུམ་ལྔ་དང་ཁྲི་གཉིས་བཏང་ནས་སྡེ་བའི་ནང་དུ་སྨན་ཁང་ལས་པ་དང་།སྒོར་ཁྲི་ལྔ་ལྷག་གི་རྩལ་སྦྱོང་ཡོ་བྱད་བྱིན་ལ།2018ལོར་སྒོར་ས་ཡ་དགུ་བཏང་ནས་ཆུ་གློག་ལམ་གསུམ་གྱི་འཛུགས་སྐྲུན་སྣ་ཚོགས་སྤེལ།2019ལོར་སྒོར་བྱེ་བ་གཅིག་བཏང་ནས་ཆུ་གློག་ལམ་གསུམ་བསྐྱར་ལས་བྱེད་དགོས་པའི་གནས་སུ་བསྐྱར་ལས་བྱས་པ་དང་།དབུལ་ཕོངས་ལས་ཐར་བའི་ཁྱིམ་ཚང་སོ་བདུན་ལ་ལས་གཞི་གསོ་སྐྱོང་གི་ངོས་ཐད་ནས་སློབ་སྦྱོང་བྱེད་དུ་བཅུག་སྟེ།མི་ལྔ་བཅུ་ཡིས་ས་བརྐོ་འཕྲུལ་ཆས་བསྐོར་རྒྱུ་སྦྱངས་པ་དང་།མི་བཞི་བཅུ་ཡིས་ཇ་མའི་ལས་ཀ་སྦྱངས་ནས་ལག་རྟགས་བྱིན་པ་དང་།ད་ལྟ་དེ་དག་ཚང་མ་ཕྱི་རུ་སོང་ནས་ཞོར་ལས་བཙལ་བཞིན་ཡོད།སྔོན་དང་བསྡུར་ན་ཡོང་སྒོ་སོགས་ཕྱོགས་གང་ཅིའི་ཐད་ནས་བཟང་བས།ད་ལྟ་སྟག་ཐང་སྡེ་བར་མཚོན་ན་འབྱོར་འབྲིང་གི་ལམ་དུ་བསྐྱོད་དང་སྐྱོད་བཞིན་པའི་སྒང་རེད།

སྡེ་བའི་ཐུན་མོང་གི་དཔལ་འབྱོར་གོང་འཕེལ་དུ་གཏོང་རྒྱུ་དེ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། བྱ་བའི་འགན་འཁྲི་གཏན་འཁེལ་ནན་མོ་བྱེད་པ་དང་མ་དངུལ་གྱི་རོགས་སྐྱོར་ཇེ་དྲག་ཏུ་གཏོང་བ། རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་ཐད་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ནས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བླངས། ལོ་འདི་དག་གི་རིང་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་།

སྟག་ཐང་སྡེ་བ་རུ་རང་ས་གནས་ཀྱི་ཐོན་ལས་ཆེན་པོ་མེད་མོད། འོན་ཀྱང་། ཁོ་ཚོས་སྡེ་བ་གཞན་དང་མི་འདྲ་བར་སྡེ་བའི་ཐུན་མོང་དཔལ་འབྱོར་བཀོལ་ནས་གཅིག་བསྡུས་སྒོས་ག་ས་གང་དུ་ཚོང་ཁང་སོགས་ཉོས་ནས་གཞན་ལ་གླས་ཏེ་ཡོང་སྒོ་བགོ་བཤའ་རྒྱག་བཞིན་ཡོད། ཁོ་ཚོས་ད་དུང་རྫོང་མཁར་གྱི་གེ་སར་གོམ་བགྲོད་སྲང་ལམ་དུ་དབུལ་སྐྱོར་ལས་གཞིའི་ཚོང་ཁང་བརྩེགས་རིམ་བཞི་ཅན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཉིས་བརྒྱ་དོན་བཞི་ལྷག་ཡོད་པ་ཞིག་ཉོས་ཡོད། དེ་ལྟ་བུའི་ཐབས་ལམ་མང་པོར་བརྟེན་ནས་སྡེ་མི་རྣམས་དབུལ་ཕོངས་ལས་ཐར་བར་མཐུན་རྐྱེན་ངེས་ཅན་བསྐྲུན་ཡོད། སྡེ་མི་གནམ་ལྷ་རྒྱལ་གྱིས་རང་ཉིད་དབུལ་ཐར་བྱས་པའི་གནས་ཚུལ་བརྗོད་བྱུང་།

གནམ་ལྷ་རྒྱལ།ངེད་ཚང་ནི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན།2015ལོར་རྒྱལ་ཁབ་ཀྱིས་དབུལ་སྐྱོར་གྱི་གྲས་སུ་བཞག་སྟེ།ཁང་པ་ལས་པ་དང་སྒོ་ཁར་ཆུ་འཐེན།2017ལོར་རྩྭ་སྲུང་གི་གྲས་སུ་བཞག་པ་མ་ཟད་རྐང་གསུམ་འཁོར་ལོ་ཉོས།རྒྱལ་ཁབ་ཀྱི་རོགས་རམ་ལ་བརྟེན་ནས2018ལོར་དབུལ་ཕོངས་ལས་ཐར་ཡོད།

གསར་འགོད་པ།དབུལ་ཕོངས་ལས་ཐར་རྗེས་ཁྱོད་རང་ཉིད་ཀྱིས་གཙོ་བོ་ཐབས་ལམ་ཅི་ཞིག་ལ་བརྟེན་ནས་ཡོང་སྒོ་བཙལ་བ་ཡིན།

གནམ་ལྷ་རྒྱལ།གཙོ་བོ་ཕྱུགས་ཟོག་ལ་བརྟེན་པ་ཡིན།དེ་སྔོན་ཕྱུགས་ཟོག་འཚོ་འདོད་རུང་མ་དངུལ་གྱི་ཆ་རྐྱེན་མེད།དེང་སྐབས་རྩྭ་སྲུང་བྱས་ན་གླ་ཕོགས་ལ་སྒོར་ཁྲི་གཉིས་སྟོང་གཅིག་དང་དྲུག་བརྒྱ་ཡོད།རང་བཟའ་ཟླ་གཉིས་ཀྱིས་སྨན་རྩྭ་བཏུས་ན་ཡང་སྒོར་འགའ་ཡོད།ཨ་ཆེན་གངས་རྒྱབ་ཀུང་སི་རུ་ཡང་མ་རྐང་བཞག་ཡོད་པས།དེ་དག་ཚང་མ་གཅིག་ཏུ་བསྡུས་ན་ལོ་གཅིག་ལ་སྒོར་ཁྲི་ལྔ་ཡས་མས་ཀྱི་ཡོང་སྒོ་ཡོད།

གསར་འགོད་པ།ཁྱོད་རང་ཉིད་ཀྱི་སྔོན་ཆད་ཀྱི་འཚོ་བ་དང་དེང་སྐབས་གཉིས་བསྡུར་ན་འགྱུར་ལྡོག་ག་འདྲ་འདུག

གནམ་ལྷ་རྒྱལ།དེ་གཉིས་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུ་ཞིག་རེད།རྒྱུ་མཚན་ནི་སྒོ་ཁ་རུ་ཆུ་ཡོད།རང་ཉིད་ལ་ཁང་བ་ཡོད་པ་མ་ཟད་སྒོ་ཁ་རུ་རྒྱུ་བཙལ་ཐུབ།རྒྱལ་ཁབ་ཀྱི་རོགས་རམ་འོག་ད་ལྟ་དཀའ་ཁག་ཅི་ཡང་མེད་པར་གྱུར་ཡོད།

སྡེ་མི་གནམ་ལྷ་རྒྱལ་གྱི་ཁ་བརྡའི་ཁྲོད་ནས་སྡེ་བའི་འགྱུར་ལྡོག་ཚོར་ཐུབ་ལ། ང་ཚོ་གསར་འགོད་པ་ཁོ་ཚང་དང་ཁ་གྱེས་ནས་ཕྱིར་འགྲོ་སྐབས། ཐག་མི་རིང་བའི་གནས་སུ་ས་བརྐོ་འཕྲུལ་ཆས་བསྐོར་ནས་ལས་ཀ་ལས་བཞིན་པའི་སྡེ་མི་འཇིགས་ནོར་སྐྱབས་ལ་འཕྲད་པ་དང་། དེ་ནས་ཁོ་རང་གི་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱས་པ་ན། ཁོས་བཤད་རྒྱུར།

འཇིགས་ནོར་སྐྱབས།ངེད་ཚང་ནི་སྟག་ཐང་སྡེ་བའི་ཁྱིམ་ཚང་དཀའ་ངལ་ཅན་ཞིག་ཡིན།རང་སྡེ་བའི་འགོ་ཁྲིད་ཀྱིས་ཆེས་དམའ་བའི་འཚོ་བའི་ཁ་གསབ་ནང་དུ་བཞགདེ་ནས་རིམ་བཞིན་ཆུ་གློག་ལམ་གསུམ་འཐེན་པ་དང་།ཁང་བ་སོགས་ལས་ཏེ2018ལོར་དབུལ་ཐར་བྱས་པ་ཡིན།2018ལོར་རྩྭ་སྲུང་དུ་བདམས་པ་དང་།རང་ཉིད་ཀྱིས་ཞོར་ལས་བཙལ་བ་དང་གོང་རིམ་གྱི་བཀོད་སྒྲིག་འོག་ཏུ།ས་བརྐོ་འཕྲུལ་ཆས་བསྐོར་རྒྱུ་སྦྱངས་ཏེ་ལག་རྟགས་བླངས་པ་དང་།དབྱར་ཁར་ཡར་མར་ལ་སོང་ནས་ས་བརྐོ་འཕྲུལ་ཆས་བསྐོར་ཏེ་ཡོང་སྒོ་བཙལ་བ་ཡིན།ད་སྐབས་ཧ་ཅང་བཟང་།

གསར་འགོད་པ།ཁྱོད་རང་དབུལ་ཐར་མ་བྱས་པའི་སྔོན་དང་བསྡུར་ན་དེང་སྐབས་ལོ་གཅིག་གི་ཡོང་སྒོ་ག་འདྲ་རེད།

འཇིགས་ནོར་སྐྱབས།དེང་སྐབས་རྩྭ་སྲུང་དང་རང་ཉིད་ཀྱི་ཞོར་ལས་ཡོང་སྒོ་སྒོར་ཁྲི་དྲུག་བདུན་ཙམ་ཡོད།སྔོན་ཆད་ཡོང་སྒོ་དེ་འདྲ་མེད།ད་སྐབས་གོང་རིམ་གྱི་རྒྱབ་སྐྱོར་འོག་འཚོ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་ས་གནས་མང་ཚོགས་ཀྱི་འབད་བརྩོན་ལ་བརྟེན་ནས་ད་ལྟ་སྡེ་བའི་ཕྱིའི་རྣམ་པ་དང་། སྡེ་མིའི་ཀུན་སྤྱོད་སོགས་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། མ་འོངས་པར་ཡང་རིག་ལམ་སྔར་ལས་གསལ་བོ་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་ནས་བློ་སྐྱོར་དང་རིག་སྐྱོར་བྱེད་པ་དེ་བྱ་བ་གཙོ་བོར་བརྩིས་ནས། 2020ལོའི་དབུལ་སྐྱོར་བྱ་བ་དམ་འཛིན་བཟང་བོ་བྱེད་པ་དང་ཆབས་ཅིག ཞིང་སྡེ་དར་སྤེལ་སོགས་ཀྱི་བྱ་བ་སྣ་ཚོགས་སྤེལ་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་དང་འདིང་བཞིན་ཡོད།

གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།