—ཀོས་ནན་རྫོང་མགོ་མང་གྲོང་རྡལ་གྱིས་ཏང་འཛུགས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱས་པའི་གནས་ཚུལ།
ང་ཚོ༼ དབུལ་ཕོངས་རྒྱང་དུ་བསྐྱུར། འབྱོར་ཕྱུག་དཔལ་ལ་རོལ ༽ ཅེས་པའི་བཅར་འདྲི་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་ཆས། ལམ་བར་དུ་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བཞིན་ཡོད་པ་དང་། སྔོ་ཡུག་ཡུག་གི་རྩྭ་ཐང་ཁུད་ན་བྱ་དང་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་གིན་འདུག དེ་ནི་རོང་འབྲོག་མང་ཚོགས་དབུལ་ཕོངས་ལས་ཐར་བར་རྟེན་འབྲེལ་གྱི་སྙན་གཞས་ལེན་པ་དང་ཅི་འདྲའི་མཚུངས་ཨང་།
ང་ཚོ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྲིད་གཞུང་གི་ཏང་ཡོན་ཚོགས་འདུ་ཁང་དུ་ཐོན་པ་ན། ཚོགས་འདུ་ཁང་དུ་གྲོང་རྡལ་དེའི་སྡེ་བ་སོ་སོའི་ཏང་ཡོན་སྣེ་ཁྲིད་པ་མང་པོས་སྡེ་སྲོལ་དམངས་ཆིངས་ཀྱི་སྐོར་ནས་གྲོས་སྡུར་ཟབ་མོ་བྱེད་བཞིན་ཡོད་པ་དང་། ཏང་ཡོན་སོ་སོས་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་བཞིན་འདུག མ་གཞིར་མགོ་མང་གྲོང་རྡལ་གྱིས“རྩ་འཛུགས་འགོ་ཁྲིད་ནི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་ཁག་ཐེག་ཡིན་པ”རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་ཀྱིས་དབུལ་ཐར་བྱ་བར་ཁྱོན་ཡོངས་ནས་སྣེ་ཁྲིད་བྱས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། དེ་རིང་སྡེ་བ་སོ་སོའི་ཏང་ཡོན་སྣེ་ཁྲིད་པས་གྲོས་གོར་མོ་རྔ་འདྲ་འདྲ་བྱེད་པ་འདིས་ཀྱང་དེའི་ཟུར་ཙམ་མཚོན་འོང་། མགོ་མང་གྲོང་རྡལ་གྱི་གྲོང་གཙོ་ནོར་བུ་ཚེ་རིང་གིས་དེའི་སྐོར་ནས་བཤད་རྒྱུར།
ང་ཚོའི་མགོ་མང་གྲོང་རྡལ་ལ་མཚོན་ན།2018ལོའི་ལོ་མཇུག་ཏུ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་།2019ལོར་དབུལ་ཐར་གྱི་འབྲས་བུ་སྲ་བརྟན་དུ་གཏོང་ཆེད་བྱ་བ་མང་པོ་ཞིག་སྒྲུབ།གཙོ་བོ་གཅིག་ནས་ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་ཡིན།གྲོང་རྡལ་ཡོངས་ལ་མཚོན་ན་ཏང་ཡོན་ལྔ་བརྒྱ་དང་གསུམ་ཡོད།དེ་དག་ཡོངས་ལ་འགན་ཁུར་ཁག་བགོས་བྱས་ཏེ་རང་གི་ཤ་ཉེ་རིང་དང་ཁྱིམ་མཚེས་གཡས་གཡོན་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་།དམངས་ཕན་སྲིད་ཇུས་དྲིལ་སྒྲོག་བྱེད་པ།བསམ་བློ་དབུལ་ཐར་དང་མི་རིགས་སློབ་གསོའི་སློབ་བྱོལ་སློབ་མ་འཛིན་པའི་ཐད་ལ་དྲ་མིག་ཅན་གྱི་རྣམ་པའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་སྟེ།སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་བཏོན་ནས།ཏང་ཀྲི་པུའུ་ཡི་བཙན་རྫོང་ནུས་པ་དེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་ཡོང་བའི་ཆེད་བླ་ལྷག་གིས་བཏོན་པ་ཡིན།
མགོ་མང་གྲོང་རྡལ་དུ་གཞན་དང་མི་མཚུངས་པའི་རྣམ་པ་ཞིག་ཡོད་པ་ནི་ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། གྲོང་རྡལ་ཡོངས་ཀྱི་སྡེ་བ་སོ་སོ་རུ་སྡེ་དམངས་ཚོགས་ཆུང་དྲ་མིག་ཅན་གྱི་ས་ཁུལ་དུ་དབྱེ་བ་དང་། ཏང་ཡོན་ཡོངས་ཀྱིས་ས་ཁུལ་བགོས་ཏེ་འབྲེལ་གཏུག་བྱེད་པ། རང་འགུལ་གྱིས་སྲིད་ཇུས་བཅའ་ཁྲིམས་སྒྲོག་འགྲེལ་དང་ཆ་སྒྲིག་རོགས་སྐྱོར། འཚམས་འདྲི། ཁོར་ཡུག་མཛེས་བཟོ། ལས་དོན་ཚབ་སྒྲུབ། འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ཞབས་ཞུ་སྤེལ་ཏེ་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དེ་རེད། ཞང་གཙོ་ནོར་བུ་ཚེ་རིང་དང་ཁ་བརྡ་བྱེད་སྐབས། ཅོ་སེར་སྡེ་བ་ནི་ཏང་ཡོན་དྲ་མིག་ཅན་གྱི་ཞབས་འདེགས་ཞུས་པ་ཆེས་སྔ་ཞིང་ཆེས་བཟང་བའི་སྡེ་བ་ཡིན་ཟེར་བས། ང་ཚོ་གྲོང་རྡལ་སྲིད་གཞུང་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡོད་པའི་ཅོ་སེར་སྡེ་བའི་ཕྱོགས་སུ་ཆས་པ་ཡིན། ཆར་བ་ཟམ་ཟིམ་ཁྲོད་དུ་དུས་ཚོད་ཕྱེད་ཀ་ལྷག་ལ་སོང་རྗེས་གཞི་ནས་ཅོ་སེར་སྡེ་བར་ཐོན། སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སྡེ་སྡོད་ཧྲུའུ་ཅི་དང་པོ་གཡང་སྐྱབས་རྒྱལ་དང་སྡེ་བའི་ལས་བྱེད་མི་སྣ་རྣམས་ཀྱིས་བྲེལ་འཚུབ་ཀྱིས་རང་རང་གི་ལས་ཀ་གཉེར་བཞིན་འདུག ང་ཚོ་གསར་འགོད་པ་རྣམས་མཐོང་བས་སྡེ་སྡོད་ཧྲུའུ་ཅི་དང་པོ་གཡང་སྐྱབས་རྒྱལ་མྱུར་དུ་ང་ཚོའི་གམ་དུ་ཡོང་ནས་སྡེ་བའི་གནས་ཚུལ་མཚམས་སྦྱོར་བྱས།
ང་ཚོའི་ཅོ་སེར་སྡེ་བར་ཁྱིམ་ཚང་བཞི་བརྒྱ་ཉེར་བརྒྱད་དང་མི་གྲངས་སྟོང་གཅིག་དང་དྲུག་བརྒྱ་ཞེ་གསུམ་ཡོད།ང་ཚོའི་ཅོ་སེར་སྡེ་བའི་ས་རྒྱ་ཆེ་ལ་ཁྱིམ་ཚང་ཐར་ཐོར་དུ་གནས་ཡོད་པས།བྱ་བ་སྒྲུབ་པར་ཧ་ཅང་སྟབས་བདེ་མིན།དེ་བས་ང་ཚོས་ཏང་ཡོན་རྣམས་གཅིག་ཏུ་བསྡུས་ནས་དུས་ཚིགས་གཅིག་གི་ནང་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་ཚོགས་འདུ་ཚོགས་ཏེ་ཏང་གི་སྲིད་ཇུས་ལ་སློབ་སྦྱོང་བྱས །སྡེ་བའི་ནང་དུ་དོན་དག་ཅི་ཞིག་ཡོད་པ་བཀོད་སྒྲིག་བྱས་རྗེས།ཏང་ཡོན་རེ་རེར་ཁྱིམ་ཚང་བཅུ་དྲུག་ལྷག་བགོས་ནས་ཁྱིམ་ཚང་རེ་རེར་སྐོར་ཞིབ་བྱེད་དུ་སོང་བ་ཡིན།གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་གཟའ་འཁོར་གཉིས་ཀྱི་རྗེས་ནས་ཕྱིར་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་རྗེས།ཁྱིམ་ཚང་ལ་དཀའ་ངལ་ཅི་ཞིག་ཡོད་པ་དང་དོན་དག་ཅི་ཞིག་ཡོད་པ་ཚང་མ་ཚོགས་ཐོག་ནས་གྲོས་སྡུར་བྱས །རང་སྡེ་བའི་ནང་ཐག་གཅོད་ཐུབ་པ་རྣམས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དག་སོང་ནས་ཐག་གཅོད་བྱས་པ་ཡིན།ཐག་གཅོད་བྱེད་མི་ཐུབ་པ་རྣམས་རིམ་པ་གོང་མར་ཡར་ཞུ་བྱས་པ་ཡིན།དེ་ལྟར་ཏང་ཡོན་རེ་ལ་ཁྱིམ་ཚང་གཏན་འཁེལ་བྱས་ན་ཞབས་འདེགས་བཟང་བོར་ཞུ་ཐུབ་ལ། སྲིད་ཇུས་སྡེ་བའི་ནང་དུ་ལག་བསྟར་དང་དྲིལ་སྒྲོག་བཟང་བོ་བྱེད་ཐུབ།ལོ་མཇུག་ཏུ་ཏང་ཡོན་རེ་རེས་སྐོར་ཞིབ་བྱས་པའི་གནས་ཚུལ་སྤྱི་བསྡོམས་བྱས་ཏེ་སྐར་མ་བརྒྱབ་སྟེ།ཚད་ལྡན་མིན་པ་དག་ཚད་ལྡན་མིན་པའི་གྲས་སུ་བཞག་པ་དང་།སྔོན་ཐོན་ཅན་རྣམས་སྔོན་ཐོན་ཏང་ཡོན་ལ་བདམས་པ་ཡིན།
སྡེ་སྡོད་ཧྲུའུ་ཅི་དང་པོ་གཡང་སྐྱབས་རྒྱལ་གྱི་སྣེ་ཁྲིད་དང་སྡེ་བའི་ཏང་ཡོན་རེ་རེའི་འབད་བརྩོན་ལས་ད་ལྟའི་གཡུར་དུ་ཟ་བའི་གྲུབ་འབྲས་འདི་དག་མཐོང་ཐུབ་པ་རེད། 2018ལོར་སྡེ་སྡོད་ཧྲུའུ་ཅི་དང་པོ་གཡང་སྐྱབས་རྒྱལ་ལ་ཞིང་ཆེན་རིམ་པའི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་དབུལ་ཐར་མཁྲེགས་གཏོར་གྱི་ཕུལ་བྱུང་ཧྲུའུ་ཅི་དང་པོའི་གཟི་བརྗིད་མཚན་སྙན་ཐོབ། གྲུབ་འབྲས་འདི་དག་ཀྱང་རང་ཉིད་ཀྱི་དུས་རྒྱུན་གྱི་དཀའ་སྤྱད་ལས་བྱུང་བ་རེད། གཡང་སྐྱབས་རྒྱལ་གྱིས་ལོ་འདི་དག་གི་རིང་སྡེ་བའི་རྩ་འཛུགས་དང་ཏང་ཡོན་གྱིས་བླངས་པའི་གྲུབ་འབྲས་སྐོར་ནས་བཤད་རྒྱུར།
སྡེ་བའི་ནང་དུ་ཁྱིམ་མཚེས་བར་གྱི་དོན་དག་དང་དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་གནད་དོན་དགུ་སྡེ་བས་ཐག་གཅོད་བྱས་ཚར།ཅོ་སེར་སྡེ་བ་འདི་ཁྲི་ཀའི་རྨ་ནུབ་དང་ཞིན་ཅེ་ཡི་སྡེ་བ་བཅུ་བཞི་ལྷག་ལ་འབྲེལ་ཡོད་ཅིང་།ལོ་ངོ་བཞི་བཅུའི་རིང་ལ་དོན་དག་རྒྱུན་ཆད་མ་མྱོང་།ན་ནིང་ང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གྲོང་རྡལ་སྲིད་གཞུང་དང་རྫོང་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ།ལོ་ངོ་བཞི་བཅུའི་རིང་རྩོད་པ་རྒྱུན་ཆད་མ་མྱོང་བའི་རྩྭ་སར་ལྕགས་ར་བསྐོར་བ་དང་དོན་དག་བཤད་དེ།ད་ལྟ་བདེ་འཇགས་སུ་གྱུར་ནས་མཐུན་སྒྲིལ་བྱུང་ཡོད།
གོང་གི་གྲུབ་འབྲས་དེ་དག་ཀྱང་ཏང་ཡོན་རེ་རེའི་དུས་རྒྱུན་གྱི་འགན་འཁྲི་དང་རང་རྟོགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་པ། དུས་ནམ་ཡང་རང་ཉིད་ཏང་ཡོན་ཞིག་ཡིན་པའི་གོ་རྟོགས་བཅས་ལས་བྱུང་བ་རེད། ང་ཚོས་ཅོ་སེར་སྡེ་བའི་ནང་བཅར་འདྲི་བྱེད་སྐབས། ཏག་ཏག་སྡེ་བའི་ཏང་ཡོན་ཡུལ་ལྷ་རྒྱལ་དབུལ་ཕོངས་ཁྱིམ་ཚང་ཚེ་དབང་རྒྱལ་ཚང་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འགྲོ་བར་འཕྲད་པས། ང་ཚོ་ཁོ་དང་མཉམ་དུ་སྡེ་མི་ཚེ་དབང་རྒྱལ་ཚང་དུ་སོང་བ་ཡིན།
ཡུལ་ལྷ་རྒྱལ།དེ་རིང་ཡང་ཏང་ཡོན་ཁྱིམ་ཚང་རེར་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཡོང་བ་ཡིན།དེ་སྔོན་ཁྱོད་ལ་ན་ཚ་བྱུང་བ་དེ་ཡར་ཞུ་བྱས་ནས་དབུལ་ཁྱིམ་དུ་བདམས་ཡོད།ད་ལྟ་ནད་ཅི་འདྲ་རེད།
ཚེ་དབང་རྒྱལ།ཅུང་ཇེ་བདེ་རེད།
ཡུལ་ལྷ་རྒྱལ།ཁྱིམ་ཚང་དུ་དཀའ་ངལ་འདྲ་ཨེ་ཡོད་དམ།
ཚེ་དབང་རྒྱལ།དཀའ་ངལ་ཅི་ཡང་མེད།རྒྱལ་ཁབ་ཀྱིས་ད་ལྟའི་བར་བྱིན་པ་ཡིན།ད་ལྟ་དཀའ་ངལ་མེད།སྨན་རིན་ལ་ཡང་དཀའ་ཁག་མེད།མི་ཚེ་ཞིག་ལ་དཀའ་ངལ་སྣ་ཚོགས་ཡོད་སྲིད་མོད།རྒྱལ་ཁབ་ཀྱིས་གྲངས་མེད་བྱིན་པས་ད་ལྟ་དཀའ་ངལ་སེལ་ཡོད།
ཏང་ཡོན་ཡུལ་ལྷ་རྒྱལ་གྱིས་ཁོས་སྡེ་མི་ཚེ་དབང་རྒྱལ་ཚང་ལ་ཞབས་འདེགས་ཞུས་པའི་གནས་ཚུལ་སྐོར་ནས་བཤད་རྒྱུར།
ཁྱིམ་ཚང་འདིར་མཚོན་ན་ང་ཚོ་ཅོ་སེར་སྡེ་བའི་ཏང་ཡོན་ཁྱིམ་བགོས་ལས་ང་རང་གི་བགོས་སྐལ་ཡིན།ང་རང་ཉིད་དུས་ཚིགས་རེ་རེར་ཁྱིམ་ཚང་འདིར་ཡོང་ནས་ཁྱིམ་ཚང་གི་གནས་ཚུལ་དང་ཐོན་སྐྱེད་འཕེལ་རྒྱས་སོགས་ལ་དུས་རྒྱུན་རྒྱུས་ལོན་བྱས་ན།ཁྱིམ་བདག་ལ་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་གཞི་ལྕི་མོ་བྱུང་འདུགདུས་ཚིགས་རེ་རེའི་སྡེ་བའི་སྤྱི་བསྡོམས་ཀྱི་སྐབས་སུ་ཏང་ཀྲི་པུའུ་ལ་ཡར་ཞུ་བྱས་ཏེ།སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱས་ནས་མ་མཐའི་འཚོ་བའི་འགན་སྲུང་གི་དབུལ་ཕོངས་ཁྱིམ་ཚང་དུ་བདམས།དེར་བདམས་ན་སྨན་རིན་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་མང་པོ་སེལ་ཐུབ།ཁྱིམ་ཚང་འདིར་མཚོན་ན།དེ་སྔོན་མི་ཞིག་གིས་ཁོ་ཚང་གི་རྒྱབ་ཏུ་སོ་ཕག་བཟོ་གྲྭ་ཞིག་བཙུགས་པ་དང་།ས་རིན་སོགས་མ་བྱིན་པར་ལོ་ངོ་བརྒྱད་ལྷག་འགོར།ན་ནིང་ཅོ་སེར་སྡེ་བའི་ཏང་རྩ་འཛུགས་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་སོགས་ལས་བྱེད་མི་སྣ་རྣམས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོགརྫོང་རིམ་པའི་ལས་ཁུངས་མང་པོར་ཡར་ཞུ་བྱས་ཏེ།ད་ལོ་ནས་བཟུང་སྟེ་སོ་ཕག་བཟོ་གྲྭའི་དོན་དག་ཐག་གཅོད་བྱས་ཚར་ལ།ལོ་འདི་དག་རིང་གི་ས་རིན་ཚང་མ་བླངས་ཏེ་སོ་ཕག་བཟོ་གྲྭ་དང་ཁོ་ཚང་བར་གྱི་དོན་དག་ཐག་གཅོད་བྱས་ཡོད།
གྲུབ་འབྲས་དེ་དག་ཡོད་ཚད་ཏང་ཡོན་ཡོངས་ཀྱིས་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་མོ་བཏོན་པ་དང་། ནན་ཏན་སྒོས་ཏང་ཡོན་གྱི་འོས་འགན་ལག་བསྟར་བྱས་པའི་འབྲས་བུ་ཡིན། ཏང་ཡོན་རྣམས་ཀྱིས་དུས་རྒྱུན་བྱ་བ་སྒྲུབ་པའི་གནས་ཚུལ་ཐད་ནས་ཅོ་སེར་སྡེ་བའི་སྡེ་མི་ཀུ་བྷ་ཡིས་བཤད་རྒྱུར།
ཅོ་སེར་སྡེ་བའི་ཏང་ཡོན་རྣམས་ཀྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་ལ་ཁྱིམ་ཚང་དུ་ཡོང་ནས།ཁྱིམ་ཚང་ལ་དཀའ་ངལ་དང་གནས་ཚུལ་ཅི་ཞིག་ཡོད་པར་རྒྱུས་ལོན་བྱེད།བདེ་འཇགས་དང་མཐུན་སྒྲིལ།གཙང་སྦྲ།ཞིང་ཕྱུགས་ལས་དཔལ་འབྱོར་གོང་འཕེལ་གྱི་ཐད་ཧུར་བརྩོན་བྱེད་དགོས་ཞེས་སློབ་གསོ་གཏོང་བཞིན་ཡོད།དེ་ལྟར་དུས་ཚིགས་བཞི་རུ་ཡོང་ནས་བཤད་པ་དང་།ང་ཚོ་མང་ཚོགས་ཀྱི་དཀའ་ངལ་སེལ་ཏེ་དོན་དག་མང་པོ་སྒྲུབ་བཞིན་ཡོད།ད་ལྟ་མང་ཚོགས་རྣམས་ལ་དོན་དག་ཅི་ཞིག་ཡོད་ན་ཧ་ཅང་སྟབས་བདེ་ཡིན་ལ།ཏང་ཡོན་གྱི་རོགས་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་པས།ཅོ་སེར་སྡེ་བ་སྔོན་དང་བསྡུར་ན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།
གཟེངས་རྟགས་བྱ་དགའ་སྣ་ཚོགས།
ཏང་རྩ་འཛུགས་དང་ཏང་ཡོན་རྣམས་ཀྱིས་རང་སྟེང་གི་ནུས་པ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་ལ། དུས་ནམ་ཡང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། དུས་རབས་གསར་བའི་མགོ་མང་གི་རྣམ་པ་གསར་བ་ཞིག་བསྐྲུན་དང་སྐྲུན་བཞིན་འདུག ཁོ་ཚོ་ནི་མགོ་མང་གྲོང་རྡལ་གྱི་རོང་འབྲོག་མང་ཚོགས་རྣམས་ཀྱི་དུས་རབས་གསར་བའི་རྟག་བརྟན་གྱི་རྒྱབ་རི་ལྟ་བུ་རེད།
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཆོས་ཕྱུག་རྒྱལ།