ཟླ་བདུན་པའི་ཚེས་དགུ་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་པེ་ཅིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཡུས་ཧྲུའུ་བཀོད་འདོམས་པུའུ། ཧྭ་ཤ་དངུལ་ཁང་ཐོན་ལས་བཅས་ཀྱི་དབུལ་སྐྱོར་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་སྤྱི་ཕན་ཞལ་འདེབས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་ནས་བསྡུས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།
ཝང་ལིས་མེན་གྱིས་བསྟན་དོན། ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བ་དང་། དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད། པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅུའི་ནང་། ཁ་གཏད་རོགས་སྐྱོར་གྱི་མཛའ་བརྩེའི་འབྲེལ་ཟམ་བཙུགས་པ་དང་། གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ལ། ཐོན་ལས་དབུལ་སྐྱོར་གྱི་ཡུས་ཧྲུའུ་ཡི་མ་དཔེ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་འཛུགས་སྐྲུན་འཕེལ་རྒྱས་ཐད་བྱས་རྗེས་འབུར་དུ་ཐོན་པ་བཞག ཧྭ་ཤ་དངུལ་ཁང་པེ་ཅིན་གྲོང་ཁྱེར་གྱི་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཡིན་པའི་ཆ་ནས། མཚོ་སྔོན་དུ་བསྡད་པའི་ཚུན་དུ། རང་འགུལ་གྱིས་བྱ་བ་མང་པོ་བསྒྲུབས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་བཞིན་པའི་སྒང་ཡིན་ལ། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བརྟན་བརླིང་ངང་བསྒྲུབ་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད། དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དེ་པེ་ཅིན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་དང་ཧྭ་ཤ་དངུལ་ཁང་སོགས་དངུལ་རྩའི་སྡེ་ཁག་གི་རྒྱབ་སྐྱོར་དང་འབྲལ་ཐབས་མེད་པས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མཐུན་འགོད་པ་དེ་གོ་སྐབས་སུ་བརྩིས་ནས། སྔར་བཞིན་དུ་ཡུས་ཧྲུའུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ཁྱོན་ཡོངས་དང་ཁྱབ་ཁོངས་རྒྱ་ཆེ་བ། རིམ་པ་ཟབ་པའི་མཉམ་ལས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་སྣོན་པ་དང་བྱས་རྗེས་གསར་བ་འཇོག་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།