འབྲོག་ཁྱིམ་ཕལ་བ་ཞིག་གི་སྐྱིད་སྡུག
2020.07.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 160

ཞོགས་པའི་ཉི་ཟེར་ས་གཞི་ཡོངས་ལ་འཕྲོས་པ་དང་བསྟུན་ནས། ང་ཚོ་དབུལ་ཕོངས་རྒྱང་དུ་བསྐྱུར། འབྱོར་ཕྱུག་དཔལ་ལ་རོལ་ཞེས་པའི་བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་མཁར་ནས་ལམ་ལ་ཆས་ཏེ་ཐང་མགོ་གྲོང་རྡལ་གྱི་ཕྱོགས་སུ་ཆས་པ་དང་། ཆུ་ཚོད་སྐར་མ་ཉི་ཤུ་ལྷག་གི་རིང་ལ་བསྐྱོད་མཐར། ཐང་མགོ་གྲོང་རྡལ་དར་ལོངས་སྡེ་བར་ཐོན་པ་དང་། སྡེ་བའི་ཧྲུའུ་ཅི་རྟ་མགྲིན་རྒྱལ་དང་ལྷན་དུ་ཁ་བརྡ་བྱེད་པའི་བརྒྱུད་རིམ་ཁྲོད། དར་ལོངས་སྡེ་བ་རུ་དབུལ་ཐར་ཁྱིམ་ཚང་གངས་རི་རྒྱལ་ཞེས་པ་ཞིག་ཡོད་པ་དང་། ཁོ་ད་ལྟ་སྡེ་བའི་ནང་དུ་མིག་དཔེ་སྟོན་མཁན་གྱི་མི་སྣར་གྱུར་ཡོད་པ་དང་ཤེས་རྗེས། ང་ཚོ་གསར་འགོད་པ་རྣམས་ཁོ་ཚང་ལ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན།

དེང་མ་ཁྱིམ་ཚང་གི་ཆ་རྐྱེན་ངོ་མ་མི་བཟང་། བྱིས་པ་སློབ་གྲྭར་བསྐྱལ་དགོས་པ་དང་། རྒན་མོ་ལ་ན་ཚ་བྱས་ནས་སྙིང་དང་ཕོ་བ་སོགས་མ་བདེ་བས་སྨན་ཡོན་སོགས་འབོར་ཆེན་དགོས་ཏེ། ཅི་བྱ་གཏོལ་མེད་ཀྱི་གནས་སུ་བསྐྱལ་བ་ཐེངས་མང་ཡིན།

གོང་གི་སྐད་ཆ་དེ་ནི་གངས་རི་རྒྱལ་གྱིས་བཤད་པ་རེད། གངས་རི་རྒྱལ་ནི་སྨྲ་བ་ཉུང་ཞིང་གདོང་ལ་འཛུམ་གྱིས་ཁེངས་པའི་སྐྱེས་པ་ཞིག་རེད། ད་ཆ་ཁོ་རང་ལོ་ན་ཞེ་དྲུག་ལ་སོན་འདུག  ཁོ་རང་ཐོག་མར་གཉེན་སྒྲིག་བྱས་པའི་ལོ་དེར་ལོ་ན་ཉེར་གསུམ་རེད་ལ། དེ་རིང་ནས་ཡར་བརྩིས་ནའང་ཏག་ཏག་གཉེན་བསྒྲིགས་ནས་མི་ལོ་ཉེར་གསུམ་འགོར་འདུག མི་ལོ་ཉེར་གསུམ་གྱི་རིང་ལ་འཚོ་བའི་གྲོག་རོང་གི་ཁྲོད་ནས་དཀའ་སྡུག་གི་རྔུལ་ཆུ་ག་ཙམ་ཕྱི་རུ་བཏོན་པ་ཁོའི་གདོང་གི་གཉེར་མ་དང་ལག་པའི་ལྦ་བ་ལ་བལྟས་ནའང་གསལ་ལེར་ཤེས་ཐུབ། ཁོས་རང་གི་ཆུང་མར་སྙིང་དང་ཕོ་བ་སོགས་ཀྱི་ན་ཚ་ཆེན་པོ་བྱུང་ཚུལ་གྱི་སྐད་ཆ་དེ་བརྗོད་དུས་མིག་ནས་མཆི་མ་ཐོན་བྱུང་། ངག་ནས་སྐད་ཆ་ལྐུགས་སོང་། དེ་ནི་གངས་རི་རྒྱལ་ལ་མཚོན་ན་ཕལ་ཆེར་མི་ཚེ་འདིའི་ཁྲོད་མིག་ཆུ་བཞུར་ཐེངས་དང་པོ་ཡིན་ཡང་སྲིད། ཁོའི་མིག་ཆུ་དེའི་ཁྲོད་ཁེ་ཕན་དང་གཡོ་རྫུན་རིང་དུ་སྤངས་པའི་རྣམ་དག་གི་བརྩེ་དུང་ཞིག་མཐོང་འོངས། ཁོའི་མིག་ཆུ་དེའི་ཁྲོད་དུ་ཡུན་རིང་སེམས་སུ་རྣག་པའི་མངར་སྐྱུར་གྱི་ཕྱིར་དྲན་ཞིག་ཚོར་ཡོང་། གངས་རི་རྒྱལ་ནི་སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཁོག་ཏུ་སྦས་ནས་ཁ་རུ་མི་འདོན་པ་ཞིག་ཡིན་པས། མི་གཞན་གྱིས་ཕྱི་ཚུལ་ནས་བལྟས་ན་ཁོའི་སེམས་སུ་ཅི་ཞིག་དྲན་བཞིན་པ་གཏན་ནས་ཤེས་ཐབས་མི་འདུག དེ་རིང་ཁོས་ཡུན་རིང་སེམས་ལ་རྣག་པའི་སྐད་ཆ་ཡོད་ཚད་ཕྱི་རུ་བྱོ་བའི་སྟ་གོན་ཡང་ཡང་བྱེད་མོད། མཇུག་མཐར་ཁོས་སྔར་བཞིན་ཁུ་སིམ་མེར་མིག་མཐར་མཆི་མ་འཁོར་ནས་སྐད་ཆ་ཅི་ཡང་བཤད་མ་ཐུབ།

དེང་མའི་ཁང་བ་དེ་ས་ཁང་སྟབས་བདེ་ཞིག་མ་གཏོགས་མེད། དར་ལོངས་སྡེ་བའི་ཁྲོད་ཀྱི་ཁང་བ་ཆེས་མི་བཟང་བའི་གྲས་ཡིན་ནི་རེད། དེ་ནས་ཉིས་སྟོང་དྲུག་བདུན་གྱི་བར་གླགས་དེར་ང་རང་གི་སྤུན་དག་གིས་རོགས་རམ་བྱས་ནས་ཁང་བ་གསར་བ་འདི་ལས་ནི་རེད། འདི་ལ་ཁོ་ཚོས་འགྲོ་སོང་ཡང་མང་པོ་བཏང་བ་རེད། ཁང་བ་འདི་ཡོད་པ་ནས་བཟུང་སེམས་ཅུང་ཇེ་སྐྱིད་ལ་བུད་ཐལ། ད་ངས་ཅང་བཤད་མི་ཤེས་གི

གངས་རི་རྒྱལ་གྱིས་བཤད་པའི་བུ་སྤུན་དག་གིས་རོགས་རམ་བྱས་ནས་ལས་པའི་ཁང་བ་དེ་ནི་བར་ཁྱམས་ཤེལ་གྱིས་བཅད་ཅིང་ནང་ལ་དེང་རབས་བཟོ་རྩལ་གྱིས་མཛེས་སྤྲས་བྱས་པའི་སྡོད་ཁང་ཞིག་རེད་ལ། ཁང་བ་དེའི་མཐིལ་ལ་སོ་ཕག་དཀར་རྩི་མ་བཏིངས་ཤིང་། ཚ་ཐབ་ཀྱི་སྟེང་དུ་ཤིང་གིས་གོས་སྒམ་ལས་ཤིང་། སྟེང་ལ་མལ་ཐུལ་གཙང་མ་མང་པོ་རིམ་པ་བྱས་ནས་ལྟེབས་འདུག ཁང་བའི་སྒོ་འགྲམ་དུ་ཕྱུར་བ་ཐང་མར་རྡལ་ནས་ཉི་མར་སྐེམ་འདུག་ལ། མི་རྒྱུས་མེད་ཅིག་གིས་བལྟས་ན་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་གི་ཉམས་སྣང་ཤར་འདུག ཁང་བའི་ནང་དུ་ལོ་ན་ལྔ་བཅུར་སོན་པའི་བུད་མེད་ཅིག་གིས་འོ་བཤིག་འཕྲུལ་ཆས་བཀོལ་ནས་འོ་མ་བཤིག་ཀྱིན་འདུག བུད་མེད་དེའི་མིང་ལ་བོད་ལོ་རྒྱལ་ཟེར་ཞིང་། གངས་རི་རྒྱལ་གྱི་ཆུང་མ་རེད། གངས་རི་རྒྱལ་གྱི་ཆུང་མ་བོད་ལོ་རྒྱལ་ནི་ལུས་པོ་རིད་ཅིང་གཟུགས་གཞི་དྲང་ལ། གདོང་ལ་འཛུམ་གྱིས་ཁེངས་པའི་འབྲོག་མོ་ཡ་རབས་ཤིག་གི་གཤིས་ཉམས་དེ་ཕྱི་རུ་མངོན་འདུག མོས་ལག་པས་རང་གི་སེན་མོའི་བར་གྱི་ས་རྡུལ་ལེན་ཞོར་དུ་མགོ་བོ་སྨད་ནས་བཤད་རྒྱུར།

  དེང་མ་ཁོ་ངེད་ཚང་ལ་མག་པ་ཡོང་དུས་སུ། ངེད་ཚང་ལ་ལུག་ཉི་ཤུ་དང་ནོར་དྲུག་མ་གཏོགས་མེད། ཁྱིམ་ཚང་ངོ་མ་མི་བཟང། ལོ་ལོན་གཉིས་རྗེས་སུ་རང་གི་བུ་མོའི་གམ་དུ་བུད་སོང་། ངེད་གཉིས་ལ་བྱིས་པ་གསུམ་ཡོད། ཁྱིམ་ཚང་འདིའི་དོན་ལ་ཁོས་ངོ་མ་དཀའ་ལས་ཆེན་པོ་མྱངས་སོང་།

བོད་ལོ་རྒྱལ་ནི་དུས་ཡུན་རིང་པོར་སྙིང་ནད་དང་ཕོ་ནད་ཀྱི་འཚེ་བས་མ་བཏང་བར་ལུས་ཁམས་ལ་མི་བདེ་བ་སྣ་ཚོགས་བཟོས་པས་དྲན་པའང་དེ་འདྲའི་གསལ་བོ་མ་རེད། ཡིན་ཡང་། མོས་རང་གི་ཡིད་ལ་ཤར་ཚོད་ལྟར་སྔོན་ཆད་ཀྱི་འདས་དོན་རབ་རིབ་དག་ཁ་རུ་ལྷུག་པར་བརྗོད་ཡོང་བ་ན། སེམས་ལ་རྒྱུ་འབྲས་དང་སྙིང་རྗེས་རབ་ཏུ་ཕྱུག་ཅིང་རྒྱུད་ལ་དྲིན་གཟོའི་འདུ་ཤེས་ཆེན་པོ་མངའ་བའི་འབྲོག་མོ་ལྷག་བསམ་ཅན་ཞིག་གི་ངང་རྒྱུད་ལྷུན་གྱིས་གྲུབ་འདུག བོད་ལོ་རྒྱལ་ནི་ཁྱིམ་ཚང་ཞིག་གི་བདག་མོ་དང་བྱིས་པ་གསུམ་གྱི་ཨ་མ་ཡིན་པའི་ཆ་ནས། མོས་རང་གི་མགོ་ཐོག་ལ་བབས་པའི་སྡུག་བསྔལ་སྣ་ཚོགས་སྦ་གསང་མེད་པར་མུ་མཐུད་དུ་བཤད་བྱུང་།ད་བར་ཕྱིར་འདང་ཞིག་བརྒྱབ་ན་སྐབས་དེར་ཉི་མ་ཞིག་ཇི་ལྟར་ཕར་ཕུད་ཐབས་བྱས་པ་ཡིན་ནམ་འདོད་ཀི  གོ་སྐྱ་རྩམ་སྐྱ་ཟོས་ནས་བསྡད་པ་ཡིན། ཁྱིམ་ཚང་ནང་ཤ་མར་ཐུད་གསུམ་སོགས་གང་འདོད་དུ་ཟ་རྒྱུ་ཅི་ཡང་མེད། ཐ་ན་རང་གི་བྱིས་པ་ལའང་འོ་མ་ལྡུད་རྒྱུ་མེད་པར་ཇ་བླུད་ནས་བསྡད་པ་ཡིན། སྐབས་རེར་གཞན་གྱིས་འོ་མ་རེ་བྱིན་ན་བྱིས་པ་དག་ལ་དེ་བླུད་པ་ཡིན། སྐབས་རེར་མགྲོན་པོ་ལྔ་དྲུག་རེ་ཐོན་ཚེ་ང་ལ་སེམས་ཁྲལ་ཆེན་པོ་སྐྱེས་མྱོང་། དེ་ཡང་ལོས་ཡིན་ཏེ། སྐབས་དེར་མགྲོན་པོ་ལྔ་དྲུག་ཙམ་ཐོན་ཚེ་ཤ་བཙོ་རྒྱུ་ཞིག་གང་ན་ཡོད། ཐ་ན་དཀར་ཡོལ་ཀྱང་འདང་ངེས་ཞིག་ཡོད་པ་མ་རེད། ཁྱིམ་ཚང་ནང་མགྲོན་པོ་རེ་འགའ་ཡོང་རྒྱུ་ཡིན་པ་གོ་ཚེ་ཅིག་ལ་གཞའ་རུ་འགྲོ་རྒྱུ་ཡང་དྲན་མྱོང་། སྐབས་དེར་ངོ་མ་སྡུག་ལ་མང་པོ་ཐུག་མྱོང་།

ད་ལྟ་བོད་ལོ་རྒྱལ་གྱི་ཁང་པའི་དཀར་ཆའི་ནང་དུ་དཀར་ཡོལ་བརྒྱ་དང་ཉི་ཤུ་ལྷག་བསྒྲིགས་འདུག་ལ། སྡེ་བ་ཞིག་གི་མི་ཚང་མ་ཁོང་ཚང་ལ་འདུ་རུབ་བྱས་ཀྱང་འདང་རྒྱག་ཡོད་ཚོད་མི་འདུག  བོད་ལོ་རྒྱལ་ལ་ན་ཚ་བྱས་ཤིང་བྱིས་པ་གསུམ་ལ་སློབ་ཡོན་སྟེར་དགོས་པའི་ལོ་ཟླ་དེ་དག་ལ། གངས་རི་རྒྱལ་གྱིས་ཁྱིམ་གྱི་ཕྱུགས་ཟོག་རེ་འགའ་ཡོད་པ་བཙོངས་པའི་ཞོར་དུ། རྐང་གསུམ་འཕྲུལ་འཁོར་བསྐོར་ནས་གླ་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་འཚོ་བ་དང་སྨན་ཡོན་འཁྱོལ་ཐབས་བྱས་ལ། ཁོང་བཟའ་ཟླ་གཉིས་ཀྱིས་གྲོས་བྱས་ནས་དངུལ་ཁང་ནས་སྒོར་སྟོང་གཉིས་ཀྱི་བུ་ལོན་བླངས་རྗེས་མོ་རང་སྨན་ཁང་ལ་སྟོན་དུ་ཁྲིད་ཅིང་། རྗེས་སུ་སྒོར་མོ་དེ་ཙམ་གྱིས་མ་འདང་བར་མི་སྒེར་གྱི་ལག་ནས་ཀྱང་བུ་ལོན་མང་པོ་བླངས་པས། གངས་རི་རྒྱལ་གྱི་མགོ་རུ་དོམ་ཡང་འཁོར་མོད། ཁོས་ཁྱིམ་ཚང་གི་ཆེད་དུ་རང་གི་ནུས་ཤུགས་ཡོད་ཚད་རྩལ་དུ་སྤྲུགས་ནས་བརྩོན་པའི་རི་མོ་བྲག་ལ་བརྐོས། ཁོའི་ཆུང་མས་མུ་མཐུད་དུ་བཤད་རྒྱུར།

ཁོ་དེང་མ་རང་ཉིད་ཁྱིམ་ཚང་སྐྱིད་ས་བདེ་ས་ནས་མ་བསྡད་པར་མག་པ་ཡོང་ནས་སྐྱིད་ཨེན་ཙམ་ཡང་མི་འདུག་བསམ་ན་ངའི་སེམས་ན་གི  སྙིང་རྗེ་གི  འོན་ཀྱང་བྱིས་པ་བུ་ཕྲུག་གི་སྟེང་ལ་བརྒྱབ་ན་བཀོད་པ་མེད་ཀི ཁྱིམ་ཚང་ནང་བྱིས་་ལ་སློབ་ཡོན་སྐུར་རྒྱུ་མེད་དུས་ཡོད་ཀི  མགྲོན་པོ་ཞིག་ཡོང་ན་མལ་ཐུལ་གྲལ་དག་ཅིག་ཀྱང་མེད་ཀི སྐབས་རེར་སེམས་ཕམ་དུས་ཡོད་མོད། ངས་ཁོ་ལ་ལེ་འདེད་དང་སྡུག་སྨྲེ་ཞིག་བཏོན་མ་མྱོང་། སྙིང་རྗེ་ཀི

སེམས་དང་སེམས་པ་བརྒྱུས་པའི་མི་བུ་རེ་རེ་ལ་བར་ཐག་མེད་པ་ཇི་བཞིན། གངས་རི་རྒྱལ་བཟའ་ཟླ་གཉིས་ལ་མཚོན་ན་སྡུག་གི་ཁུར་བོ་ཇི་འདྲ་ལྕི་ཡང་སེམས་ཀྱི་གཏད་སོ་གཅིག་ལ་བྱས་ནས་མི་ལོ་ཉེར་གསུམ་འགོར་སོང་། མི་ལོ་ཉེར་གསུམ་གྱི་རིང་ལ་གངས་རི་རྒྱལ་གྱི་བརྩོན་པའི་སྙིང་སྟོབས་ལ་ཡལ་བ་མེད་དོན་ནི་ཕལ་ཆེར་ཁོའི་ལྟག་རྒྱབ་ན་དུས་དང་རྣམ་པ་ཀུན་ཏུ་འཁང་ར་དང་ལེ་བདའ་ཅི་ཡང་མེད་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཆུང་མ་ཡ་རབས་ཤིག་ཡོད་པས་ཀྱང་ཕལ་ཆེར་ཡིན་སྲིད་དེ། བརྒྱ་ལ་དེ་ལྟར་མིན་ཚེ་མི་ལོ་ཉེར་གསུམ་གྱི་རིང་ལ་བརྩོན་པའི་ཨམ་གཙིགས་བསྡོམས་པའི་སེམས་ཤུགས་བྲག་རི་འདྲ་བ་ཞིག་ཡོད་རྒྱུ་ནི་དཀའ་ཙམ་འདུག་ཨང་།

དར་ལོངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་རྒྱལ་གྱིས་གསར་འགོད་པར་ཀུ་རེའི་ཚུལ་གྱིས། ཕོ་རྒྱུ་མེད་སྔ་ལོ་ཕྱི་ལོ་ཟེར་བའི་གཏམ་དཔེ་དེ་ནི་བསམ་གཟས་ནས་གངས་རི་རྒྱལ་ལ་བལྟས་ནས་བཤད་པ་དང་འདྲ་ཟེར་ལ། དེ་ནས་ཁོས་མུ་མཐུད་དུ་མཚམས་སྦྱོར་བྱེད་རྒྱུར། 

ངེད་སྡེ་བར་དབུལ་ཕོངས་ཁྱིམ་ཚང་གསུམ་ཡོད། དེའི་ནང་གི་གཅིག་ནི་གངས་རི་རྒྱལ་ཚང་རེད། གངས་རི་རྒྱལ་ནི་རྒྱལ་ཁབ་ཀྱིས་རོགས་རམ་ཁོ་ན་ལ་ཁེན་ནས་འདུག་མཁན་ཞིག་མ་རེད། ཁོས་རང་གིས་འཕྲུལ་འཁོར་སྐོར་་སོགས་ལག་རྩལ་སྦྱངས་ནས་སྒོར་མོ་བཙལ་བ་མ་ཟད། རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་དྲུག་ལོར་མ་མོ་སོ་བཞི་ཉོས་པ་རེད། རྩྭ་སྲུང་ནགས་སྲུང་གི་གྲས་སུ་བཞག་ནས། ད་ལྟ་དབུལ་ཐར་བྱས་པ་མ་ཟད། དར་ལོངས་སྡེ་བའི་ནང་གི་ཁྱིམ་ཚང་ཕྱུག་པོའི་གྲལ་དུ་ཡོད་ནི་རེད།

འདི་ནི་འབྲོག་ཁྱིམ་ཕལ་བ་ཞིག་གིས་འཚོ་བའི་གྲོག་རོང་ནས་འཕག་འཚག་བྱས་པའི་གཏམ་རྒྱུད་རེད། འདི་ནི་མི་བུ་གཉོམ་ཆུང་ཞིག་གིས་འཚོ་ཚིས་ཀྱི་དོན་གཉེར་ཐད་ནས་འབད་འབུངས་བྱས་པའི་ཟིན་ཐོ་རེད། མི་ལོ་ཉེར་གསུམ་གྱི་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ནས་ད་ལྟ་གངས་རི་རྒྱལ་ཚང་ནི་དར་ལོངས་སྡེ་བའི་ཁྲོད་ཀྱི་ཁྱིམ་ཚང་ཕྱུག་པོའི་གྲས་སུ་བཞག་ཆོག་པའི་ཚོད་དུ་སླེབས་འདུག་ལ། ཁོང་བཟའ་ཟླ་གཉིས་ཀྱི་ཐོག་མའི་ཁྱིམ་ཚང་གི་ནོར་དྲུག་བདུན་ཙམ་ཡོད་པ་དེ་ནོར་སུམ་ཅུ་སོ་གཅིག་ཏུ་འཕེལ་འདུག་ལ། ལུག་ཉི་ཤུ་ཙམ་ཡོད་པ་དེ་ད་ལྟ་ལུག་བརྒྱ་དང་ལྔ་བཅུ་ལྷག་ཙམ་དུ་འཕེལ་འདུག་པ་མ་ཟད། ཆུང་མ་བོད་ལོ་རྒྱལ་གྱིས་ཁྱིམ་ཚང་གི་ནོར་ལུག་འཚོ་བ་དང་། གངས་རི་རྒྱལ་གྱིས་མཉམ་ལས་ཁང་གི་ལུག་འཚོས་ནས་ཡོང་འབབ་ལོ་རེར་སྒོར་ཁྲི་གསུམ་དང་སྟོང་དྲུག་རེ་ལེན་བཞིན་ཡོད་པ་མ་ཟད། རྩྭ་སྲུང་གི་ལས་ཀ་གཉེར་ནས་ལོ་རེར་འཚོ་བའི་ཁ་གསབ་ཀྱི་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཡོད་པས། སྔོན་ཆད་ཀྱི་མེད་མུག་གི་འཚོ་བ་ལས་རྒྱང་དུ་གྱེས་ནས་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་ཀློང་ན་འཚོ་བ་རོལ་བཞིན་འདུག

དབྱར་ཟླ་བཞི་པའི་འབའ་ཡུལ་རྩྭ་ཐང་ནི་གོས་སྔོན་པོ་ཐང་ལ་བཏིངས་པ་དང་འདྲ་ལ། དེའི་ཁུད་ཀྱི་གཡང་དཀར་ལུག་ཁྱུའི་ཚོགས་ནི་གོས་གདན་གྱི་སྟེང་ལ་མུ་ཏིག་གཏོར་བ་དང་ཇི་འདྲའི་མཚུངས་ཨང་། གསར་འགོད་པས་བཅར་འདྲིའི་ལས་ཀ་ཡོངས་སུ་རྫོགས་ནས་ཕྱིར་ཐུན་ཏེ་རྫོང་ཐོག་ལ་ཆས་ཁར་ཕྱིར་མིག་ཅིག་བལྟས་པ་ན། གངས་རི་རྒྱལ་ཚང་གི་ཁང་པའི་ཀླད་ན་དུ་བ་སྔོ་ལ་རིང་བ་རེ་ཡུན་གྱིས་བསྲིངས་ནས་ནམ་མཁའི་སྤྲིན་དང་འདྲེས་པའི་སྟ་གོན་བྱེད་ཀྱིན་འདུག དེ་ནི་ཁོང་བཟའ་ཟླ་གཉིས་ཀྱི་མི་ཚེའི་བཞུད་ལམ་ནང་བཞིན་ཆད་པ་མེད་པར་མཐོ་ནས་མཐོ་རུ་འཕྱུར་བཞིན་གདའ།


གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།