གཡུ་བཟང་རྩྭ་ཐང་གི་དབུལ་ཐར་ལས་བརྩོན་མཁན་ཀྲུའུ་ཡུང་ཡོན།
2020.07.20 ཁུངས། ཀློག་གྲངས། 339

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ལྷ་སྡེ་ཚོ་བ་བརྒྱད་ནི་གནས་མཆོག་བྲག་དཀར་རྫ་རིའི་འདབས་རོལ་ན། གཡུ་དྲུག་དཀར་ལག་མཐིལ་ལ་བླངས་པ་ཇི་བཞིན། མཐའ་བཞིའི་རི་ཚོགས་ཀྱི་ཁུད་ན་ལྗང་ལྡེམ་མེར་གཟེངས་སུ་འགྲེང་བའི་རི་སྒང་ཞིག་ཏུ་ཆགས་འདུག་ལ། རི་སྒང་དེའི་སྟེང་དུ་རྩྭ་ལྗང་དང་མེ་ཏོག་སྣ་ཚོགས་ཐགས་སུ་བཀྲ་ཞིང་། མེ་ཏོག་གི་སྤང་ཁུད་ན་རྟ་ནོར་ལུག་གསུམ་གྱི་ཚོགས་ནི་རང་དབང་དང་སྐྱིད་སྣང་གི་ཁྲོད་ན་རྩྭ་ཆུ་ལ་རོལ་བཞིན་འདུག གསར་འགོད་པ་ཁྲི་ཀ་རྫོང་མཁར་ནས་བྲག་དཀར་རྫ་འདབས་ཀྱི་ཕྱོགས་སུ་བསྲིངས་པའི་ཀྱག་ཀྱོག་གི་ཟེགས་ལམ་མང་པོ་དང་ཨར་འདམ་གྱི་ལམ་བུ་བརྒྱུད་ནས། གཡུ་ཐང་ལྷ་སྡེའི་གནས་འདི་ལ་སླེབས་དུས། དབྱར་ཟླ་འབྲིང་བར་ས་ཆུ་དྲོས་ཤིང་། རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་པ་དང་བསྟུན་ནས། འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་ཉམས་འགྱུར་ཞིག་སྡེ་མི་རེ་རེའི་གདོང་ན་ངང་གིས་མངོན་འདུག

འཕྲང་དམར་གྲོང་རྡལ་ལྷ་སྡེ་སྡེ་བ་ནི་དེ་སྔོན་རང་བྱུང་ཆ་རྐྱེན་ཞན་པ་དང་ཐོན་ཁུངས་དཀོན་པ། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ། སྐྱེ་ཁམས་ཉམས་ཞན་ཡིན་པ། རང་བྱུང་གནོད་འཚེ་མང་བ། དཔལ་འབྱོར་རྗེས་ལུས་ཡིན་ལ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མི་བཟང་བ་བཅས་ཀྱི་དབང་གིས་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་ལ། ཁྲི་ཀ་རྫོང་ཁོངས་སུ་ཆེས་དབུལ་བའི་སྡེ་བའི་གྲས་སུ་བདམས་ཡོད།

འཕྲང་དམར་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་པས། སྡེ་བ་འདིའི་དབུལ་ཐར་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་མ་ཟད། སྡེ་མི་དག་གི་ཁྲོད་ན་རང་འགུལ་གྱིས་རང་ཉིད་དབུལ་ཕོངས་ཀྱི་མིང་བྱང་ཁྲོད་དུ་ཚུད་མི་འདོད་པའི་བསམ་ཚུལ་བཏོན་ཞིང་། དབུལ་ཐར་གྱི་གྲས་སུ་འཇོག་པའི་རེ་འདུན་ཞུ་མཁན་ཡང་ཡོད་པའི་གཏམ་གསར་གོ་རྒྱུ་འདུག དེ་ནས་གསར་འགོད་པས་མཚར་སྣང་དང་བཅས་ཏེ་རིམ་བཞིན་གྲོང་རྡལ་སྲིད་གཞུང་བརྒྱུད་ནས་རྒྱུས་ལོན་བྱས་པ་ན། ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་གྲོང་གཙོ་དཀོན་མཆོག་ནོར་བུ་ཡིས་གྲོང་རྡལ་སྤྱིའི་གནད་འཁེལ་དབུལ་སྐྱོར་གྱི་སྐོར་ནས་བཤད་རྒྱུར།

ང་ཚོ་འཕྲང་དམར་གྲོང་རྡལ་ནི་མཚོ་ལྷོ་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་གྱི་ཡུལ་ཚོ་དང་གྲོང་རྡལ་བདུན་ཡོད་པའི་གྲས་ཀྱི་གཅིག་རེད།འཕྲང་དམར་གྲོང་རྡལ་ལ་མཚོན་ན་ཐོན་ལས་གཙོ་བོ་ཕྱུགས་ལས་ཡིན་པ་དང་ཞོར་དུ་ཞིང་ལས་གཉེར་བཞིན་ཡོད།སྡེ་བ་ཉེར་ལྔ་ཡོད་པ་དང་།ཕྱུགས་ལས་རྐྱང་རྐྱང་གི་སྡེ་བ་དགུ་ཡོད་ལ།ཞིང་ལས་གཉེར་བའི་སྡེ་བ་བཅུ་དྲུག་ཡོད།བརྒྱ་ཆའི་གོ་ལྔ་བོད་རིགས་རྐྱང་རྐྱང་རེད།2015ལོའི་ཟླ་བཅུ་བའི་རྗེས་སུ།གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་།འཕྲང་དམར་ལ་མཚོན་ན་སྡེ་བ་ཉེར་ལྔའི་ཁྲོད་ནས་སྡེ་བ་ཉེར་གསུམ་དབུལ་ཕོངས་སྡེ་བར་བདམས་པ་དང་།ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུ་དང་མི་གྲངས་སྟོང་ལྔ་ལྷག་དབུལ་ཕོངས་ཁྱིམ་ཚང་དུ་བདམས།ལོ་བཞི་ལྔ་ལྷག་གི་རིང་ལ།གོང་རིམ་གྱི་ཐུགས་ཁུར་འོགཆུ་གློག་ལམ་གསུམ་དང་སློབ་གསོ།ཆེས་དམའ་བའི་ཁ་གསབ་རོགས་དངུལ།དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དངོས་འབེབ་བྱས།2017ལོར་ཁྱིམ་ཚང་ཉིས་བརྒྱ་ང་བདུན་རྫོང་ཐོག་ཏུ་གནས་སྤོར་བྱས།ན་ནིང་ཁྱིམ་ཚང་བདུན་བརྒྱ་དང་གསུམ་རྫོང་ཐོག་ཏུ་གནས་སྤོར་བར་གྲ་སྒྲིག་བྱས་ཏེ་ད་ལྟ་དངོས་འབེབ་བྱས་ཟིན།ང་ཚོའི་ལྷ་སྡེ་ལྟ་བུར་མཚོན་ན་ཕྱུགས་ལས་སྡེ་བ་དགུའི་གྲས་ཀྱི་གཅིག་རེད།རྫོང་ཐོག་ཏུ་ཡང་ཁྱིམ་ཚང་མང་པོ་ཡོད་པ་དང་།སྡེ་བའི་ནང་དུ་ཡང་ཆུ་གློག་ལམ་གསུམ་འཛུགས་སྐྲུན་བྱས་ཡོད།དཔེར་ན།ང་ཚོའི་ཕྱུགས་ལས་སྡེ་བ་དགུ་བོར་མཚོན་ན།དེང་མ་ཆུ་ཧ་ཅང་དཀོན་ལ།ད་སྐབས་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཁྱིམ་ཚང་རེ་རེའི་སྒོ་ཁ་རུ་རང་འབབ་ཆུ་འཐེན་ཡོད་ལ།ཁྱིམ་ཚང་རེ་རེའི་སྒོ་ཁར་ཨར་འདམ་གྱི་ལམ་ལས་ཡོད།དེ་མིན་ཁང་བ་ཉིས་ཐོག་ཅན་གྱི་བྱིས་གཉོར་ཁང་སྡེ་བ་རེ་རེར་ཡོད་པ་དང་།སྡེ་བའི་ནང་དུ་མང་ཚོགས་ལ་ཞབས་འདེགས་ཞུ་སའི་ཁང་བ་འཛུགས་སྐྲུན་བྱས་པ་ཧ་ཅང་བཟང་།དེ་མིན་སློབ་གསོའི་སྟེང་ཡང་ཤུགས་སྣོན་གང་མང་བྱས་ཏེ་སློབ་བྱོལ་སློབ་མ་གཅིག་ཀྱང་མེད།

ལོ་ངོ་འདི་དག་གི་རིང་ལ་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་ས་གནས་མང་ཚོགས་ཀྱི་འབད་བརྩོན་ལ་བརྟེན་ནས། ད་ལྟ་ལྷ་སྡེ་སྡེ་བ་ཁུལ་རིམ་པའི་བོད་ལུག་དང་ནོར་གནག་གསོ་སྤེལ་རྟེན་གཞི་རུ་བདམས་ཡོད། གྲོང་གཙོ་དཀོན་མཆོག་ནོར་བུ་ཡིས་ལྷ་སྡེ་སྡེ་བའི་དབུལ་ཐར་གནས་ཚུལ་དང་འབྲེལ་ནས་མུ་མཐུད་དུ་བཤད་རྒྱུར།

ལྷ་སྡེ་ཡི་རུ་ཁག་དྲུག་པའི་ཀྲུའུ་ཡུང་ཡོན་ལྟ་བུར་མཚོན་ན་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་མོད།ལོ་འགའི་རིང་ལ་དབུལ་སྐྱོར་བྱས་པ་བརྒྱུད།ཁོ་ལས་སྡུག་པའི་དབུལ་བོ་མང་བས་ཁོས་རང་འགུལ་གྱིས་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་འབུད་པའི་རེ་བ་ཞུས་པ་རེད།ཏང་གི་དམངས་ཕན་སྲིད་ཇུས་དངོས་འབེབ་བྱས་པས།མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཡོང་སྒོ་བཙལ་དགོས་པའི་འདུ་ཤེས་ཀྱང་ཧ་ཅང་བཟང་།དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་ས་གནས་ཀྱི་འཕེལ་རྒྱས་ཀྱི་ཕྱོགས་བཟུང་བའི་འདུ་ཤེས་ཇེ་བཟང་ནས་ཇེ་བཟང་རེད།

གྲོང་གཙོ་དཀོན་མཆོག་ནོར་བུ་དང་མཉམ་དུ་ཁ་བརྡ་བྱས་པ་ལས་ཤེས་པ་ལྟར་ན། རང་འགུལ་སྒོས་དབུལ་ཐར་བྱེད་རྒྱུའི་རེ་འདུན་ཞུ་མཁན་དེའི་མིང་ལ་ཀྲུའུ་ཡུང་ཡོན་ཟེར་ཞིང་། ཁོ་བོ་ནི་ད་ལོ་ལོ་ཞེ་ལྔ་ཡིན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ལྷ་སྡེ་སྡེ་བའི་རུ་ཁག་དྲུག་པའི་ཞིང་པ་ཞིག་རེད། ཁོ་རང་ཉིད་ཀྱི་དྲན་ངོས་སུ་ཆུང་དུས་ནས་ཁྱིམ་ཚང་དབུལ་བོ་ཡིན་ཞིང་། ལོ་བཅོ་བརྒྱད་ལ་མ་ཐོན་སྐབས་སུ་ཕ་མ་གཉིས་སྔ་རྗེས་སུ་ཚེ་ལས་འདས། སྐབས་དེ་ནས་བཟུང་ཁོས་དབང་བོ་སྐྱོན་ཅན་གྱི་ཕུ་བོ་གཉོར་སྐྱོང་བྱེད་ཞོར་ཕ་ཡུལ་དང་ཐག་ཉེ་ས་ནས་ཡོང་སྒོ་ཅུང་ཙམ་བཙལ་མོད། འོན་ཀྱང་། ཕུ་བོ་ལུས་ཕུང་མི་བཟང་བའི་རྐྱེན་གྱིས་སྨན་བཅོས་བྱེད་གྲངས་མང་ལ། སྒོར་འགའ་བཙལ་བ་ཡང་སྨན་རིན་ལ་བྱིན་པས། ཁྱིམ་གྱི་འཚོ་བ་ཡར་རྒྱས་སུ་འགྲོ་ཐབས་བྲལ། ཆུང་མས་ཀྱང་འཁང་ར་སྣ་ཚོགས་བྱས་ཏེ་ཁོ་དང་ཁ་གྱེས་པས། ཁོ་དང་བུ་ཆུང་གཉིས་དབུལ་ཕོངས་ཁྱིམ་ཚང་དུ་བདམས་རྗེས། སྲིད་གཞུང་གི་རོགས་སྐྱོར་སྣ་ཚོགས་བསྣན་ན་སྒོར་སྟོང་ལྔ་ལྷག་གི་ཡོང་སྒོ་ཡོད། སྒོར་སྟོང་ལྔ་དེ་ཁོ་རང་ལ་མཚོན་ན་ཡོང་སྒོ་ཆེན་པོ་ཞིག་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་རོལ་མྱོང་བྱས་པས། ཁོའི་བསམ་བློར་ཡང་འགྱུར་ལྡོག་མང་པོ་བྱུང་ཡོད། ཀྲུའུ་ཡུང་ཡོན་གྱིས་བཤད་རྒྱུར།

ང་རང་ཆུང་དུས་ནས་དཀའ་ཁག་ཆེ་བའི་ཁྱིམ་དུ་ནར་སོན་པ་དངརྗེས་སུ་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་ནས་ལོ་ངོ་མང་པོའི་རིང་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་རོལ་མྱོང་བྱས་པ་ཡིན།འོན་ཀྱང་།རང་ཉིད་ལོ་ཆེ་རྒྱུ་མེད་པས་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་ཡོང་སྒོ་བཙལ་ཆོག་སྙམ་སྟེ།དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་ནས་ཕྱིར་འབུད་རྒྱུའི་རེ་ཞུ་བྱས་པ་དང་།དབུལ་ཕོངས་ཁྱིམ་ཚང་གི་གྲས་ནས་བུད་རྗེས།བྱ་བ་ཆེན་པོ་ཞིག་བསྒྲུབ་དགོས་སྙམ་ནས།གང་སར་སྒོར་མོ་བསྐྱིས་པ་ཡིན།

གསར་འགོད་པ།སྒོར་མི་བསྐྱི་སྐབས་དཀའ་ཁག་ལ་འཕྲད་དམ།

ངོ་ཤེས་རྣམས་ཀྱིས་ང་རང་དབུལ་ཕོངས་ཡིན་པའི་རྐྱེན་གྱིས་སྒོར་མོ་མི་བསྐྱི་བ་དང་།དངུལ་ཁང་གིས་ཀྱང་བཟའ་སྒྲིག་དཔང་ཡིག་སོགས་རྒྱུ་ཆ་མི་ཚང་བའི་དབང་གིས་དངུལ་བུན་མ་བསྐྱིས།འོན་ཀྱང་།ངས་སེམས་མ་ཕམ་པར་ཐབས་ལམ་མང་པོ་བཙལ་ནས་དངུལ་བུན་བསྐྱིས་པ་དང་།གོང་རིམ་ནས་རྒྱབ་སྐྱོར་མ་དངུལ་ཅུང་ཙམ་བྱིན་པས།སྡེ་བ་ནས་ཞིང་ས་མུའུ་སུམ་བརྒྱ་འགན་གཙང་ལེན་བྱས་ཏེ།ལོག་དཀར་དང་ཡུག་པོ།གྲོ་སོགས་བཏབ་པ་ཡིན།

གསར་འགོད་པ།སྐབས་དེར་སྡེ་བའི་མི་རྣམས་ཀྱིས་ཁྱོད་ལ་རྒྱབ་སྐྱོར་བྱས་སམ།

སྡེ་མི་རྣམས་ཀྱིས་འཕྱ་དམོད་བྱེད་ཞོར་འདི་འདྲའི་ཞིང་སའི་སྟེང་དུ་ལོ་ཏོག་བཏབ་ན་ཡོང་སྒོ་ལེན་ཐུབ་བམ་ཟེར།འོན་ཀྱང་།ང་རང་གིས་དཀའ་སྡུག་མ་བསམ་པར་མི་འགའ་གླས་ཏེ་ཉིན་ཉི་ཤུ་ལྷག་གི་རིང་ལ་ཞིང་བཏབ་པ་མ་ཟད།ལོག་དཀར་བཙག་ནས་སྣུམ་བཙོང་བ་དང་ཡུག་པོ་སྐམ་རྗེས་མཉམ་ལས་ཁང་སོགས་གཟན་རྩྭ་མཁོ་བ་དག་ལ་བཙོང་བ་ཡིན།གྲོ་འཐག་ན་རང་ཉིད་ལ་ཟ་རྒྱུ་ཡོད་པ་མ་ཟད་ཕྱིར་འཚོང་ཀྱང་བྱེད་ཐུབ་པས་ཕྱོགས་མང་པོ་ནས་ཡོང་སྒོ་བཙལ་ཐུབ།

ཀྲུའུ་ཡུང་ཡོན་ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་གོ་སྐབས་མ་བྱུང་ཡང་། གོང་རིམ་སྲིད་གཞུང་གིས་སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་བྱ་བ་སྤེལ་བ་བཟང་བའི་དབང་གིས་ཁོའི་བསམ་བློའི་གོ་རྟོགས་ཀྱང་སྔར་ལས་ཇེ་མཐོར་གྱུར་ཡོད་ལ། ཁོ་རང་རང་འགུལ་གྱིས་དབུལ་ཕོངས་ཁྱིམ་ཚང་གི་གྲས་ནས་བུད་པའི་སད་རྟོགས་དང་སྤྱོད་ཚུལ་དེས་ལྷ་སྡེའི་སྡེ་མི་གཞན་ལ་མིག་དཔེ་བསྟན་ཡོད། ལྷ་སྡེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་དཔལ་ཚེ་རིང་གིས་བཤད་རྒྱུར།

2017ནས2018ལོའི་སྐབས་ང་ཚོའི་སྡེ་བའི་ནང་གི་ཀྲུའུ་ཡང་ཡོན་ཟེར་བ་དེ་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་།ཁོར་མཚོན་ན་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་མང་པོ་བྱིན་པས།ང་རང་གིས་ངལ་རྩོལ་བྱེད་ཐུབ་ལ།ང་ལས་ཞན་པའི་དབུལ་ཕོངས་ཁྱིམ་ཚང་ཡང་མང་པོ་ཡོད་ངེས་རེད།ང་རང་དབུལ་ཐར་བྱེད་རྒྱུ་ཡིན་ཞེས་རེ་ཞུ་བྱས་ཏེ2018ལོར་དབུལ་ཐར་བྱས་པ་རེད།ཁོས་རྒྱལ་ཁབ་ཁོ་ནར་བརྟེན་ན་མི་འགྲིག་སྙམ་ནས་རང་ཉིད་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད་པས།གྲུབ་འབྲས་ཀྱང་བཟང་བོ་བླངས་ཡོད།ད་ལྟ་ང་ཚོའི་སྡེ་བའི་ནང་གི་སྡེ་མི་སྐོར་ཞིག་གིས་ཀྱང་ཁོའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ།དབུལ་ཐར་བྱེད་རྒྱུའི་བསམ་ཚུལ་འདོན་པའི་སྡེ་མི་ཡང་ཡོད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་པ་ནང་བཞིན། ཀྲུའུ་ཡུང་ཡོན་གྱིས་ཞིང་ཁ་རུ་རས་གུར་ཕུབ་ནས། དུས་རྒྱུན་དཀའ་ངལ་ལ་མི་འཛེམ་པར་ནངས་སྔ་ལངས་བྱས་ཏེ་ཞིང་སར་བདག་སྐྱོང་བཟང་བོ་བྱས་མཐར། ན་ནིང་ཁོས་ཡོང་སྒོ་རྐྱང་བ་སྒོར་ཁྲི་ལྔ་ལྷག་བླངས་ཡོད་པ་དང་། བྱ་བ་སོགས་ལ་ཉམས་མྱོང་མང་པོ་ཐོབ་ཡོད་པས། མ་འོངས་པར་ཁོས་ད་དུང་ཕག་གསོ་ར་བ་ཞིག་འབྱེད་རྒྱུའི་སྙན་ཞུ་འབུལ་བཞིན་ཡོད། ཀྲུའུ་ཡུང་ཡོན་གྱིས་མ་འོངས་པའི་འཆར་གཞིའི་སྐོར་ནས་བཤད་རྒྱུར།

མ་འོངས་པར་ཕག་གསོ་ར་བ་ཞིག་འབྱེད་རྒྱུའི་བསམ་ཚུལ་ཡོད་པ་དང་།རྒྱུ་སྤུས་ལེགས་པའི་ཕག་མ་གསོས་ན་ཚོང་རའི་སྟེང་མཁོ་འདོན་བྱེད་དཀའ་བས།སྙན་ཞུར་བདེ་བླག་ངང་མཆོག་མཆན་བཀོད་རྗེས།རྒྱུ་སྤུས་བཟང་བོའི་ཕག་ནང་འདྲེན་བྱས་ཏེ་གསོ་སྤེལ་བྱེད་རྒྱུ་ཡིན།ང་ཚོའི་སྡེ་བའི་ནང་དུ་དབང་བོ་སྐྱོན་ཅན་འགའ་ཡོད་པ་དང་།ཁོ་ཚོ་ཕྱི་རུ་སོང་སྟེ་ཞོར་ལས་བཙལ་དཀའ་བས།ཕག་གསོ་ར་བ་དངོས་སུ་འབྱེད་ཐུབ་པ་བྱུང་ཚེ།ཁོ་ཚོ་གསོ་སྤེལ་ར་བའི་ནང་དུ་གདན་འདྲེན་བྱས་ན་གཅིག་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་།གཉིས་ནས་ཡོང་སྒོ་ཅུང་ཙམ་བླངས་ན་ཁོ་ཚོའི་དཀའ་ཁག་སེལ་ཐུབ།

འཚོ་བ་གོང་འཕེལ་འགྲོ་བར་ཧུར་བརྩོན་བྱེད་པ་ལས་གཞན། ཀྲུའུ་ཡུང་ཡོན་གྱིས་རང་ཉིད་ཀྱི་བྱ་བ་ནམ་ཡང་ལྷོད་གཡེང་དུ་བཏང་མ་མྱོང་། ཁོས་རང་གི་བུ་ཆུང་རིན་ཆེན་འབུམ་སློབ་སྦྱོང་ལ་བཟང་བ་དང་འཛིན་གྲྭའི་ནང་གི་ཨང་གསུམ་པ་རེད། ད་ལྟ་ཕྱོགས་གང་ཅིའི་ཐད་ནས་ཇེ་བཟང་དུ་སོང་ཡོད་ཟེར་ཞོར་གདོང་ལ་སྐྱིད་པའི་འཛུམ་མདངས་དང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

གཡུ་བཟང་རྩྭ་ཐང་གི་སྐྱེ་དགུ་མཐའ་དག་ལ་གསོན་ཤུགས་ཀྱིས་ཕྱུག་འདུག་ཅིང་། ཀྲུའུ་ཡུང་ཡོན་ལྟ་བུའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྙིང་སྟོབས་ལ་ཞུམ་པ་མེད་ཅིང་། བརྩོན་འགྲུས་ལ་ཉམས་པ་མེད་པའི་ཞིང་བ་མང་ཚོགས་ཀྱི་འཚོ་བར་མི་རིང་བར་སྐྱིད་ཀྱི་འོད་སྣང་འཆར་ངེས་པ་ཤ་སྟག་རེད།

གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།