མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱིས་རྒྱང་རིང་འབྲོག་ཁུལ་དུ་འཐུང་ཆུ་དཀོན་པའི་གནད་དོན་དངོས་ལ་དམིགས་ཏེ།འཐུང་ཆུ་འབྲོག་ཁྱིམ་དུ་དྲངས་པ་དང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལ་ཁག་ཐེག་བྱས་པས།འབྲོག་པ་མང་ཚོགས་ཀྱིས་རང་ཁྱིམ་དུ་དྲངས་པའི་ཆུ་ལ་གསེར་ཆུ་དངུལ་ཆུ་ཞེས་འབོད་བཞིན་ཡོད།
འཕྲང་དམར་གྲོང་རྡལ་ལྷ་སྡེ་སྡེ་བའི་འབྲོག་ཁྱིམ་རེ་རེར་འཐུང་ཆུ་དྲངས་པས་ཚང་མའི་སེམས་སུ་བདེ་སྐྱིད་ཀྱི་ཚོར་སྣང་བླ་ན་མེད་པ་ཞིག་གིས་ཁྱབ་འདུག དེའི་སྐོར་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་དཔལ་ཚེ་རིང་གིས་བཤད་རྒྱུར། ང་ཚོ་གཡུ་བཟང་ཐང་ལ་མཚོན་ན་སྔོན་ཆད་འཐུང་ཆུའི་དཀའ་ཁག་ཤིན་ཏུ་ཆེན་པོ་ཡོད་པ་རེད།འཐུང་ཆུ་ལེན་དུ་འགྲོ་ན་གཡག་ལ་ཁལ་བཀལ་ནས་ཡོང་དགོས་པ་རེད། འཐུང་ཆུ་ལེན་དུ་འགྲོ་བའི་ལམ་ཐག་ཤིན་ཏུ་རིང་ཞིང་རི་ངོས་གཟར་བས་ཉིན་ལམ་ཞིག་ལ་འགྲོ་དགོས།
འཕྲང་དམར་གྲོང་རྡལ་ན་ཁ་དཔེ་ཞིག་གང་སར་ཁྱབ་ཡོད།དེ་ནི་མི་གན་ལག་པ་གཙང་མ་ཡིན་སྲོལ་ལ་བལྟས་ན་གཡུ་ཐང་ལྷ་སྡེའི་མི་མ་རེད་ཟེར་པ་དེ་རེད།སྐད་ཆ་དེས་མཚོན་པ་ནི་གཡུ་ཐང་ལྷ་སྡེ་ཚོ་དྲུག་གི་མི་གཙང་སྦྲ་ལ་མི་དགའ་བ་དེ་མ་ཡིན་པར།ལྷ་སྡེ་ས་ཆར་འཐུང་ཆུ་ཤིན་ཏུ་དཀོན་པས་མང་ཚོགས་ཀྱིས་ཆུ་ལ་གྲོན་ཆུང་བྱས་ནས་གཙང་སྦྲ་ཡང་ལེགས་པོ་ཞིག་བྱེད་ཐུབ་ཀྱིན་མེད་པ་དེ་རེད།སྔོན་ཆད་སྡེ་བའི་ནང་དུ་ཆུ་མེད་དུས་སུ་དཀའ་ཁག་ཅི་འདྲ་མྱངས་སམ་ཟེར་ན།
སྔོན་ཆད་ཆུ་ལེན་དུ་འགྲོ་ན་ཕྱུགས་ཟོག་གི་གྲོད་པུའི་ནང་དུ་ཆུ་བླུགས་ནས་ཁྱེར་ཡོང་དགོས་ལ། ལམ་ཐག་ཀྱང་ཤིན་ཏུ་རིང་།གལ་ཏེ་ལམ་རྐེད་དུ་གྲོད་པུ་ཕྲ་ནས་ཆུ་ཐང་ལ་འཕོས་ཚེ་ཉིན་གང་བོར་ཆུ་ཁ་ནང་ལ་མ་ཡོང་ནི་རེད།སྐབས་ལན་རེར་ཁ་བ་བབས་ཚེ་ས་ལུད་འདྲེས་མའི་ཁངས་ཆུ་བཞུས་ནས་འཐུང་དགོས་པ་རེད།
གོང་གི་སྐད་ཆ་དེ་ནི་གཡུ་ཐང་ལྷ་སྡེ་ཕྱོགས་ཀྱི་རྒད་པོ་ལོ་ལོན་འཕགས་ཀླུ་ཐར་གྱིས་བཤད་པ་རེད།ཁོས་ཁོ་ཚོས་འཐུང་ཆུ་ཟོག་ལུག་གི་གྲོད་པུའི་ནང་ཁུར་ཡོང་བ་དང་ཁངས་ཆུ་འདམ་ཆུ་ལ་བརྟེན་ནས་ཡུན་རིང་འགོར་བས།ད་ལྟའི་བར་དུ་ལྷ་སྡེ་སྡེ་བའི་མང་ཚོགས་ཁྲོད་ན་ཕོ་རྒྱུའི་ནད་བྱུང་མེད་པའི་མི་ཧ་ལམ་མེད་ཚོད་ཡིན་ཟེར་ལ།དེ་ལྟ་བུའི་གནད་དོན་ལ་ཁ་གཏད་ནས། འཕྲང་དམར་གྲོང་རྡལ་གྱིས་གོང་རིམ་ནས་རྣམ་གྲངས་བརྩོན་ལེན་བྱས་ཏེ། ལྷ་སྡེ་ཚོ་དྲུག་གི་དབྱར་ས་སྟེ་བྲག་དཀར་རྫ་རིའི་འདབས་ནས་རྫ་ཆུ་བསིལ་མ་ཁྱིམ་ཚང་རེ་རེའི་སྒོ་ཁར་དྲངས་འདུག དེའི་སྐོར་ནས་ལྷ་སྡེ་སྡེ་བའི་སྡེ་དཔོན་གྱིས་བཤད་རྒྱུར། སྔོན་ཆད་ང་ཚོའི་སྡེ་བའི་ལམ་ཚིགས་རེ་ལ་ཆུ་རེ་འཐེན་ཡོད་ལ།ཉིས་སྟོང་བཅོ་ལྔ་ལོར་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ཐོན་པ་ནས་བཟུང་།སྡེ་བའི་ཁྱིམ་ཚང་སུམ་བརྒྱ་ལྷག་ཡོད་པ་ཀུན་གྱི་ཁྱིམ་ཚང་རེའི་སྒོ་ཁར་རང་འབབ་ཆུ་འཐེན་ཡོད་ནི་རེད།
ད་ལྟ་སྡེ་བའི་ནང་རང་འབབ་ཆུ་འཐེན་པ་ནས་བཟུང་མང་ཚོགས་རྣམས་ཀྱི་འཚོ་བར་སྟབས་བདེ་གང་ལེགས་བཟོས་ཤིང་།ཁོ་ཚོས་ཁངས་ཆུ་དང་འདམ་ཆུ་འཐུང་མ་དགོས་པར་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱས་པས་ཕོ་བའི་ནད་ཕོག་པའི་ནད་པ་ཇེ་ཉུང་དུ་སོང་ཡོད་ལ།ཉིན་གཅིག་གི་དུས་ཚོད་ལམ་ཐག་རིང་པོའི་ཆུའི་སྐྱེལ་འདྲེན་གྱི་སྟེང་དུ་བཀོལ་མ་དགོས་པས།ངལ་རྩོལ་གྱི་དུས་ཚོད་མང་པོ་གྲོན་ཆུང་བྱས་ཡོད་པ་དང་།སྒོ་ཁའི་དོང་ཆུའི་ནང་གི་རྫ་ཆུ་བསིལ་མ་དེ་ཕྱུགས་ཟོག་ལའང་ལྡུད་ཀྱིན་ཡོད་པས།ཕྱུགས་ཟོག་ལམ་ཐག་རིང་པོར་ཆུ་ལྡུད་དུ་འདེད་མ་དགོས་པར།ཕྱུགས་ཟོག་གི་ཤི་ཚད་ཇེ་ཉུང་དུ་སོང་ཞིང་ཤ་ཤེད་ཀྱང་སྔོན་ཆད་ལས་ལྡབ་འགྱུར་གྱིས་བཟང་བས། དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་།ད་ལྟ་སྡེ་མི་རྣམས་བྲག་དཀར་རྫ་རིའི་འདབས་སུ་མི་རབས་མང་པོའི་དཀའ་སྡུག་དང་དབུལ་ཕོངས་ཀྱི་ལོ་རྒྱུས་ལ་བརྗེད་བྱང་བཀོད་ཅིང་།གཡུ་བཟང་ཐང་གི་རང་བྱུང་གི་མཛེས་ལྗོངས་ཁུད་ན་དུས་རབས་གསར་པའི་འབྱོར་ཕྱུག་གི་འཚོ་བ་ལ་སྤྲོ་དགའ་དང་བྲོད་སེམས་ཀྱིས་རོལ་གྱིན་འདུག
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།