ཞིན་ཧེ་རྫོང་གི་འཇོན་མིའི་གསོ་སྦྱོང་ལྟེ་གནས་ཀྱིས་ས་གནས་མང་ཚོགས་ལ་ཡོང་སྒོ་བསྐྲུན།
2020.07.23 ཁུངས། ཀློག་གྲངས། 11

ཉེ་ལམ།གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ནས་རྒྱུས་ལོན་བྱུང་པ་ལྟར་ན།རྫོང་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་མང་ཚོགས་དབུལ་ཐར་བྱས་རྗེས།མང་ཚོགས་རྣམས་ཀྱི་འཚོ་བ་བརྟན་འཇགས་དང་ཡོང་འབབ་འཕར་སྣོན་ཡོང་ཆེད།རྫོང་དམངས་སྲིད་ཅུའུ་དང་ལས་ཞུགས་ཅུའུ་སོགས་ཀྱིས་རྩ་འཛུགས་བྱས་ཏེ་ཞིན་ཧེ་རྫོང་གི་འཇོན་མིའི་གསོ་སྦྱོང་ལྟེ་གནས་བཙུགས།དེའི་སྐོར་ནས་གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་ཞིག་བྱས།

ཞིན་ཧེ་རྫོང་གི་མཐའ་འཁོར་ན་ཨ་མདོ་དམངས་སྲོལ་སྡེ་གསར་སོགས་གནས་སྤོས་སྡེ་བ་ལྔ་ཙམ་ཡོད་ལ།གནས་སྤོས་སྡེ་བ་དེ་དག་གི་མང་ཚོགས་ལ་མཚོན་ན། མང་ཚོགས་རྣམས་ཀྱི་ལག་རྩལ་གྱི་ཆུ་ཚད་དམའ་ཞིང་རིག་གནས་ཀྱི་བྱང་ཚད་མཐོན་པོ་མེད་པས།མཁར་གྲོང་ཅན་གྱི་འཚོ་བའི་འགྲོས་དང་བསྟུན་ནས་ལས་ཞུགས་བྱེད་རྒྱུར་དཀའ་ལས་ཆེན་པོ་ཡོད་པ་མ་ཟད།རང་སྟེང་ནས་ལས་ཀ་འཚོལ་བ་དང་།རང་སྟེང་ནས་ཡོང་སྒོ་འཚོལ་བ་སོགས་ཀྱི་ཐད་དཀའ་ཁག་ཆེན་པོ་བྱུང་ཡོད་པས།རྫོང་འཇོན་མིའི་གསོ་སྦྱོང་ལྟེ་གནས་ཀྱིས་མང་ཚོགས་རྣམས་ལ་ལག་རྩལ་གསོ་སྦྱོང་དང་ལས་ཀ་བཀོད་སྒྲིག་བྱེད་ཀྱིན་ཡོད།

ཞིན་ཧེ་རྫོང་གི་འཇོན་མིའི་གསོ་སྦྱོང་ལྟེ་གནས་འདི་ད་ལོའི་སྤྱི་ཟླ་བཞི་བའི་ནང་བཙུགས་ཤིང་།ཟླ་ངོ་གཉིས་ཀྱི་རིང་ལ་ས་གནས་མང་ཚོགས་ལ་ཧ་ལམ་སྒོར་ས་ཡ་བཞི་ལྷག་གི་ཡོང་འབབ་བཙལ་རོགས་བྱས་ལ།གསོ་སྦྱོང་ལྟེ་གནས་འདི་ཡིས་ཞིན་ཧེ་རྫོང་གི་དབུལ་ཐར་མང་ཚོགས་རྣམས་ཡང་བསྐྱར་དབུལ་བོར་མི་འགྱུར་བ་དང་།མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དང་།འབྱོར་འབྲིང་གི་ལམ་དུ་བསྐྱོད་པ་ལ་དབུལ་ཕོངས་ཀྱི་བར་ཆད་མེད་ཅིང་།བདེ་སྐྱིད་ཀྱི་འཚོ་བ་རོལ་བ་ལ་མེད་མུག་གི་སེམས་ཁྲལ་མེད་པར་བྱས་པས། ཞིན་ཧེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལས་ཞུགས་རོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།