མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དར་ལོངས་མཉམ་ལས་ཁང་ནི་ཉིས་སྟོང་བཅུ་གཅིག་ལོར་བཙུགས་ཤིང་།ལོ་ངོ་དགུ་ལྷག་གི་དུས་ཡུན་གྱི་ཉམས་མྱོང་བརྒྱུད་ནས།ད་ཆ་མཉམ་ལས་ཁང་འདི་ཉིད་མཚོ་ལྷོ་ཁུལ་གྱི་དཔེ་སྟོན་ཁུལ་དུ་བདམས་འདུག་ལ།ཞིང་ཆེན་རིམ་པའི་མ་དཔེའི་མཉམ་ལས་ཁང་གི་གྲས་སུ་ཚུད་འདུག
གསར་འགོད་པས་ཡུལ་དངོས་ནས་དེའི་གནས་ཚུལ་གྱི་སྐོར་རྒྱུས་ལོན་ཞིག་བྱས་པ་ན། མ་གཞི་མཉམ་ལས་ཁང་འདི་ལ་རྒྱལ་ཁབ་ཀྱིས་བཏོན་པའི་རེ་བ་ལྟར་མཉམ་ལས་ཁང་ཞིག་ལ་ཚང་དགོས་པའི་བརྒྱ་ཆའི་བརྒྱ་ཅན་བཞི་ཡོངས་སུ་ཚང་འདུག་སྟེ།གཅིག་ནི་སྡེ་བ་ཧྲིལ་བོའི་ཁྱིམ་ཚང་སུམ་བཅུ་བོ་ཚང་མ་མཉམ་ལས་ཁང་དུ་ཞུགས་པ་དང་། གཉིས་ནི་རྩྭ་ས་མུའུ་ཁྲི་གཅིག་དང་སྟོང་ལྔ་བརྒྱ་དང་དོན་བདུན་མ་རྐང་དུ་བཞག་པ།གསུམ་ནི་ས་ཞིང་མུའུ་ཉིས་སྟོང་ཞེ་བདུན་ལྷག་སྡེབ་སྒྲིག་བྱས་ཏེ་མ་རྐང་དུ་བཞག་པ།བཞི་ནི་ཕྱུགས་ཟོག་སྣ་ཚོགས་མ་རྐང་དུ་འཇོག་ཚད་གོང་རིམ་གྱི་ཚད་ཐིག་དང་ལོངས་པ་བཅས་རེད།ཐུན་ཏེ་རྫོང་ཐང་དར་ལོངས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འགན་འཛིན་པ་རྟ་མགྲིན་རྒྱལ་གྱིས་བཤད་རྒྱུར།
ང་ཚོ་མཉམ་ལས་ཁང་འདིས་ཐོག་མར་ཉིས་སྟོང་བཅུ་གཅིག་ལོར་དངུལ་རའི་ལུག་གསོ་སྤེལ་བྱས་པ་ཡིན། དངུལ་རའི་ལུག་ལ་མཚོན་ན་ལུས་བོངས་ཆེ་བས་ཤའི་རིན་གོང་ཆེན་པོ་ཟིན་པ་རེད། འོན་ཀྱང་དུས་ཡུན་རིང་པོར་གསོ་སྤེལ་བྱས་ན། དངུལ་རའི་ལུག་གིས་བོད་ལུག་གི་གཟན་རྩྭ་ལས་ལྡབ་གསུམ་ཙམ་ཟས་འགྲོ་ལ། རྩྭ་ཐང་གི་སྔོ་རྩྭ་ཟས་ནས་རྩད་པ་ཡང་ཁར་འབལ་ཡོང་བ་མ་ཟད། སྤང་ཐོག་ཏུ་ཕར་ཚུར་དེད་ན་རྐང་བའི་རྨིག་པ་ལ་ཅུང་གདུག་རྩུབ་ཀྱི་ཆ་ཡོད་པས། སྤང་ཐང་བརླག་པའི་ཁེ་ཉེན་ཡང་ཤིན་ཏུ་ཆེ་བ་དང་། ལུག་དེ་དུས་ཡུན་རིང་པོར་འཚོས་ན་རྩྭའི་སྐྱེ་སྟོབས་ཇེ་ཞན་དུ་གྱུར་ནས། རྩྭ་ས་ས་ནག་ཏུ་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེན་པོ་འདུག
དར་ལོངས་མཉམ་ལས་ཁང་གིས་ཐོག་མར་ལུག་ཤའི་ཐོན་ཚད་དང་ཁྲོམ་རའི་རིན་གོང་ལ་དམིགས་ནས་དངུལ་རའི་ལུག་གི་གསོ་སྤེལ་ལ་ཚོད་ལྟ་བྱས་ཤིང་། རིམ་གྱིས་ས་གནས་རང་གི་སའི་ཁྱད་ཆོས་དང་། རྩྭ་སའི་ནུས་པ་སོགས་ཀྱི་ཁྱད་ཆོས་དངོས་ལ་རྐང་བཙུགས་ནས། དངུལ་རའི་ལུག་གི་གསོ་སྤེལ་ནི་རང་གི་ས་ཆའི་རྩྭའི་སྐྱེ་སྟོབས་དང་སྤང་ཐང་གི་ཁྱད་ཆོས་ལ་མི་འཚམ་པ་རྟོགས་ཤིང་། དེ་ནས་རིམ་གྱིས་བོད་ལུག་གསོ་སྤེལ་གྱི་ལས་གཞིའི་འགོ་དངོས་སུ་བརྩམས་བྱུང་། བོད་ལུག་ནི་གཟུགས་བོངས་ཅུང་ཆུང་ཞིང་། ཕྱི་ཚུལ་ལ་ཡག་ཉམས་ཆེན་པོ་ཡོད་པ་དང་། ཤའི་ཐོན་ཚད་དངུལ་རའི་ལུག་དང་བསྡུར་ཐབས་མེད་ནའང་། གསོ་སྤེལ་བྱེད་བདེ་བ་མ་ཟད། རྩྭའི་སྐྱེ་སྟོབས་དང་སྤང་ཐང་གི་ཕྱི་ཤུན་ལའང་གནོད་པ་ཆེར་མེད་པས། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱེད་ནུས་པའི་ཁྱད་ཆོས་ལྡན་པའི་གསོ་སྤེལ་གྱི་ཐབས་ལམ་ཞིག་གསར་རྟོགས་བྱུང་ཞིང་། དུས་དེ་ནས་དར་ལོངས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་བོད་ལུག་ཉིས་སྟོང་ལྔ་བརྒྱ་ལྷག་གི་གསོ་སྤེལ་གྱི་འགོ་དངོས་སུ་ཚུགས། དེའི་སྐོར་ནས་མཉམ་ལས་ཁང་གི་འགན་འཛིན་པ་རྟ་མགྲིན་རྒྱལ་གྱིས་མུ་མཐུད་དུ་བཤད་རྒྱུར། ན་ནིང་བོད་ལུག་བདུན་བརྒྱ་ལྷག་ཉོས་པ་ཡིན། དང་ཐོག་ཁེ་སྤོགས་དེ་འདྲའི་བཟང་རྒྱུ་མི་འདུག ད་ལོ་ནས་བཟུང་ལུག་ཀྱང་ས་ཆུ་ལ་ལོབས་སོང་བས། ཤ་ཤེད་རྒྱས་པ་བཟང་ལ། རིན་གོང་ཡང་སྔོན་ཆད་ཀྱི་སོག་ལུག་གི་གོང་ལྟར་ལུ་གུ་གཅིག་ལ་སྒོར་བརྒྱད་བརྒྱ་རེ་བྱས་ནས་བཙོངས་ཟིན། ལོ་གཉིས་ཀྱི་རིང་ལ་བོད་ལུག་གི་ཆེས་མངོན་གསལ་གྱི་བཟང་ཆ་ནི་རྩྭ་ཕྱུགས་དོ་སྙོམས་ཡོང་པའི་ཐད་ཀྱི་དགེ་མཚན་དེ་རེད།
དར་ལོངས་སྐྱེ་ཁམས་མཉམ་ལས་ཁང་འདིས་ཉིས་སྟོང་བཅུ་བདུན་ལོར་དམངས་སྒོར་ཁྲི་བཞི་བཅུ་ལྷག་གི་ཡོང་སྒོ་བགོ་བཤའ་བརྒྱབ་ལ། ཉིས་སྟོང་བཅོ་བརྒྱད་ལོར་མང་ཚོགས་ལ་དམངས་སྒོར་ཁྲི་ཞེ་དྲུག་གི་ཡོང་སྒོ་བགོ་བཤའ་བརྒྱབ་པ་དང་། ཉིས་སྟོང་བཅུ་དགུ་ལོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས་ཏེ། རྩྭ་ཕྱུགས་དོ་སྙོམས་ཀྱི་བྱེད་ཐབས་དམིགས་ཡུལ་དུ་བཟུང་ནས་བོད་ལུག་གསོ་སྤེལ་གྱི་གཞི་རྒྱ་ཆེ་རུ་བསྐྱེད་དེ་སྤེལ་ལ། ཀྲུང་གོ་མི་དམངས་ཉེན་འགོག་ཀུང་ཟིས་མཉམ་ལས་ཁང་འདིའི་བོད་ལུག་ཉིས་སྟོང་ལྔ་བརྒྱ་ཡོད་པ་ཀུན་ཉེན་ཚབ་འགན་སྲུང་གི་གྲས་སུ་བཞག་འདུག ཀྲུང་གོ་མི་དམངས་ཉེན་འགོག་ཀུང་ཟིའི་ལས་བཟོ་བ་སྐར་མ་རྡོ་རྗེས་བཤད་རྒྱུར།
ནོར་ལུག་གི་ཉེན་ཚབ་འདི་ད་ལོ་ཉིས་སྟོང་ཉི་ཤུ་ལོ་ནས་འགོ་བརྩམས་པ་ཡིན། ལུག་གཅིག་ལ་ཉེན་ཚབ་མ་དངུལ་སྒོར་ཉིས་དང་ཟུར་དགུ་སྤྲད་ནས་འགན་སྲུང་བྱས་པ་རེད་ལ། གཙོ་བོ་རང་བྱུང་གནོད་འཚེ་དང་ནད་ཀྱིས་ཤི་བ། སྤྱང་ཀིས་བསད་པ་སོགས་ལ་འགན་སྲུང་བྱེད་ཀྱིན་ཡོད་ལ། ལུག་གཅིག་གི་འགན་སྲུང་གི་ཚད་སྒོར་སུམ་བརྒྱ་ཡིན།
དར་ལོངས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འདིའི་ནང་དུ་སྡེ་བའི་ཁྱིམ་ཚང་ཡོད་ཚད་ཞུགས་ནས་མ་རྐང་བཞག་ཡོད་ནའང་། སྡེ་བའི་ཁྲོད་དུ་ལུག་རྫི་ལ་ཅུང་ཉམས་མྱོང་ལྡན་ཞིང་ལུག་འཚོ་བར་མཁས་པའི་མི་གསུམ་བཞག་ཅིང་། ལུག་རྫི་མི་གསུམ་གྱིས་ལུག་སྟོང་གཉིས་དང་ལྔ་བརྒྱ་འཚོས་ན་ལོ་མཇུག་ལ་ཁོ་ཚོར་ཟླ་ཕོགས་རྩིས་རྒྱག་གིན་ཡོད་ལ། དེ་ལྟར་བྱས་ན་སྡེ་བའི་མི་གཞན་དག་གིས་ཡོང་སྒོ་ཕྱོགས་གཞན་ནས་འཚོལ་བར་ཡང་སྟབས་བདེ་གང་ལེགས་བསྐྲུན་ཡོད།
ངའི་མིང་ལ་གསེར་མོ་འཚོ་ཟེར། མཉམ་ལས་ཁང་གི་ལུག་རྫི་ཡིན། ཡོང་སྒོ་སྒོར་ཁྲི་གསུམ་དང་སྟོང་དྲུག་ཡོད་ནི་རེད། ཡོང་སྒོ་བཟང་གི ལས་ཀ་ཡང་ས་ལས་རྡོ་ལས་དང་བསྡུར་ན་ཞེ་དྲག་ཡང་གི ད་ཧྲ་གི
ཐུན་ཏེ་རྫོང་དར་ལོངས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་མིག་རྒྱང་རིང་བོ་ཡོད་པའི་སྒོ་ནས། བོད་ལུག་གསོ་སྤེལ་གྱི་གཞི་རྒྱ་ཆེ་རུ་སྤེལ་ཞིང་། ཕྱུགས་ལས་ཀྱི་ཐོན་ཚད་ཆེ་ལ་རྩྭ་ཐང་གི་གནོད་སྐྱོན་ཆུང་བའི་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་ཐབས་དེས། དར་ལོངས་སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་ལ་ཁེག་ཐག་བྱས་པ་མ་ཟད། རྩྭ་ཕྱུགས་དོ་སྙོམས་ཡོང་བའི་བྱེད་ཕྱོགས་ལེགས་པའི་དབང་གིས་དུས་ཡུན་རིང་པོར་བོད་ལུག་གསོ་སྤེལ་བྱེད་པ་ལ་ཐོན་ཁུངས་ཟད་གྲོན་དང་དུས་ཐུང་ཁེ་སྤོགས་ཙམ་གྱི་བཀག་རྒྱ་ལས་རིངས་སུ་འགོངས་ཏེ། སྡེ་བའི་དཔལ་འབྱོར་ཡོང་འབབ་དེ་བརྟན་བརླིང་གི་ཁྲོད་ནས་འཕེལ་རྒྱས་འགྲོ་ཐུབ་པར་འགན་སྲུང་བྱས་ཡོད་ལ། བོད་ལུག་གསོ་སྤེལ་གྱིས་རྩྭ་ཕྱུགས་དོ་སྙོམས་ཡོང་ནས་ཁོར་ཡུག་གི་གནོད་སྐྱོན་ཇེ་ཉུང་དུ་བཏང་བས། སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་ཡང་ནུས་པ་མི་དམན་ཐོན་ཡོད།
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།