རང་ལམ་རང་གིས་བཙལ། རང་ཁ་རང་གིས་གསོས།
2020.08.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 593

སྤྱི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་། ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི༼དབུལ་ཕོངས་རྒྱང་དུ་བསྐྱུར། འབྱོར་ཕྱུག་དཔལ་ལ་རོལ།༽ཞེས་པའི་བཅར་འདྲིའི་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དྲིལ་སྒྲོག་པུའུ་ཡི་སྣེ་ཁྲིད་འོག ཞོགས་པའི་ཆུ་ཚོད་དགུའི་སྟེང་རྫོང་མཁར་ནས་ལམ་ལ་ཆས་ཏེ་སྨར་ཁོག་ཡུལ་ཚོའི་ཕྱོགས་སུ་བསྐྱོད།

སྟོད་ན་སྨུག་སྤྲིན་གྱི་རྒྱུ་བ་དལ་བར་ལྡིང་ཞིང་སྨད་ན་འགྲོས་ལྡན་ཀྱི་ཆུ་མོ་ཤང་ཤང་འབབ་པ། བར་ན་སྔོ་ལྗང་གི་གཡུ་ལོ་ཐགས་སུ་བཀྲ་བའི་ལུང་གཞུང་རིང་མོ་བརྒྱུད་ནས་ཧ་ལམ་སྤྱི་ལེ་ལྔ་བཅུ་ནས་དྲུག་ཅུ་ཡས་མས་ཙམ་ཞིག་ཕྱིན་རྗེས། ད་གཟོད་ན་བུན་ཐར་ཐོར་གྱི་ཡོལ་རས་གསེང་ན་རི་སྡེ་ཁྲ་ལེམ་མེ་བ་ཞིག་མཐོང་ཐུབ་པ་དེ་ནི་སྨར་ཁོག་ཡུལ་ཚོ་རེད།

རྒྱུས་ལོན་པ་ལྟར་ན། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། མགོ་ལོག་ཁུལ་པདྨ་རྫོང་སྨར་ཁོག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ༼སྡེ་བ་རེ་ལ་ཐོན་ལས་རེ་དང་། སྡེ་བ་རེ་ལ་ཁྱད་ཆོས་རེ། སྡེ་བ་རེ་ལ་ཟོང་རྟགས་རེ༽ཡི་བྱ་བའི་དམིགས་ཚད་གཞིར་བཟུང་སྟེ། ས་ཆ་གཞན་པར་རྟོག་ཞིབ་དང་ཡུལ་དངོས་འཆར་འགོད། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བཅས་བྱས་པ་བརྒྱུད། སྡེ་བ་སོ་སོར་འབྲི་མོ་དང་རྔ་བྲན་གཙོ་བོ་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་བ་སོ་སོས་ཐུན་མོང་དཔལ་འབྱོར་མ་དངུལ་བཏང་སྟེ། ཚོང་རའི་འཁོར་རྒྱུག་གི་རྣམ་པ་བེད་སྤྱད་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ། དེ་མིན་མི་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་རྒྱུན་འཛིན་དང་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཕན་ཚུན་ཟུང་འབྲེལ་བྱས་ཐོག ལག་ཤེས་བཟོ་གྲྭ་དང་གསོ་སྦྱོང་ལྟེ་གནས་བཙུགས་པ་སོགས“ཐོན་ལས་གསུམ”གྱི་སྣ་མང་མཉམ་ལས་ཁང་བཙུགས་པར་བརྟེན། ས་གནས་མང་ཚོགས་ཀྱིས་རྣམ་པ་གསར་བའི་བདེ་སྐྱིད་འཚོ་བ་ཞིག་ལོངས་སུ་སྤྱོད་ཐུབ་པར་བྱས།  སྨར་ཁོག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་གིས་བཤད་རྒྱུར།

ང་ཚོ་སྨར་ཁོག་ཡུལ་ཚོར་མཚོན་ན་རུ་ཆེན་གསུམ་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་འདི་མགོ་བརྩམས་པ་ནས་བཟུང་། དབུལ་ཐར་བྱས་རྗེས་ཀྱི་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་གཏོང་ཆེད། སྨར་ཁོག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་དང་པོར་ཤུགས་བསྣན་ནས། རུ་ཆེན་གསུམ་སྟེ་རྩེས་སྟོད་རུ་ཆེན་ལ་ཕྱུགས་ཀྱི་མཉམ་ལས་ཁང་དང་མ་གུ་ལའི་རུ་ཆེན་ལ་འབྲི་མོའི་མཉམ་ལས་ཁང་། རྩིས་མདའ་རུ་ཆེན་ལ་བ་དང་བ་མོའི་མཉམ་ལས་ཁང་བཅས་རུ་ཆེན་རེ་ལ་ཐོན་ལས་རེ་བཙུགས་པ་དང་། དེ་མིན་ཐོན་ལས་གཉིས་པ་དང་གསུམ་པར་ཤུགས་བསྣན་ཏེ། ཤིང་གི་བཟོ་གྲྭ་དང་རྡོ་བརྐོས་ཀྱི་བཟོ་གྲྭ དེ་བཞིན་བོད་ལྭ་བཟོ་ས་དང་རྩམ་པ་འཐག་ས་སོགས་བཙུགས་པར་བརྟེན། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་ཐུབ་པ་དང་ཞོར་ལས་ཀྱི་ཡོང་འབབ་བཙལ་ཐུབ་པར་བྱས་ཡོད། སྤྱིར་བཏང་འབྲོག་པ་མང་ཚོགས་ཤིག་ལ་མཚོན་ན་ཤིང་བཟོའི་ལས་ཀ་ནི་ཧ་ཅང་ལས་ཁག་པོ་འདྲ་རེད། ཡིན་ནའང་ང་ཚོས་དབུལ་ཐར་བྱས་རྗེས་ཀྱི་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད་ཤིང་བརྐོས་ལག་རྩལ་ལ་བརྟེན་ནས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།


སྨར་ཁོག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ། 

རྩེས་སྟོད་སྡེ་བ་ནི་སྨར་ཁོག་ཡུལ་ཚོ་སྲིད་གཞུང་དང་བར་ཐག་སྤྱི་ལེ་བཅུ་དྲུག་ལྷག་གི་ལྷོ་ནུབ་ཀྱི་མཚམས་སུ་ཆགས་ཤིང་། ཡུལ་ཚོའི་ཡོངས་སུ་མི་གྲངས་ཆེས་མང་བ་དང་། ས་བབ་མཐོ་ལ་ལུང་རོང་གཡང་གཟར་མང་བའི་ས་རྒྱུད་དུ་གཏོགས་པས། རྫོང་ཡོངས་ཀྱི་མངའ་ཁོངས་སུ་དཀའ་ཁག་ཅན་གྱི་སྡེ་བ་བཅུ་གསུམ་ཡོད་པའི་གྲས་ཀྱི་གཅིག་ཡིན་པར་མ་ཟད། དབུལ་ཐར་འགན་འཁྲི་ཡོད་པའི་སྡེ་བ་ཞིག་ཀྱང་ཡིན་སྟབས། སྨར་ཁོག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྔ་ས་ནས་རྩེས་སྟོད་སྡེ་བའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་མང་ཚོགས་ཁྱོན་ཡོངས་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་སྙེག་ཆེད། རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་་གནས་ཞེས་པ་དངོས་སུ་བཙུགས་པ་དང་། དེས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་འདེད་དང་། འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་ངོས་གནས་ཚུལ་དང་འཚམ་པའམ་རྫོང་ཡོངས་ལ་མིག་ལྟོས་འཕེར་བའི་ཕྱུག་བསྒྱུར་གྱི་ལམ་བུ་གསར་བ་ཞིག་བཏོད་པ་རེད། རྩེས་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གནས་བརྟན་གྱིས་བཤད་རྒྱུར།

ང་ཚོའི་སྡེ་བ་སྟེ་རྩེས་སྟོད་སྡེ་བའམ་རུ་ཆེན་དང་པོའི་མཉམ་ལས་ཁང་ལ་མཚོན་ན་། 2018ལོར་དངོས་སུ་མགོ་བརྩམས་པ་ཡིན། དེ་ཡིན་ན་མཉམ་ལས་ཁང་འདིའི་ནང་དུ་ཁྱོན་སྡོམ་པའི་ང་ཚོ་རུ་ཆེན་དང་པོའི་ཁྱིམ་ཚང་བརྒྱ་དང་དོན་བདུན་དང་། མི་གྲངས་བརྒྱད་བརྒྱ་དང་བཅུ་བཞི་ཡོད། དེའི་ནང་གནད་འཁེལ་དབུལ་སྐྱོར་གྱི་ཁྱིམ་ཚང་ང་གསུམ་དང་། དེའི་ཁྲོད་གནས་སྤོར་བྱས་འོང་བའི་ཁྱིམ་ཚང་སོ་བདུན་ཡོད། ང་ཚོའི་སྡེ་བའི་དབུལ་བོའི་ཁྱིམ་ཚང་དག་ཤིང་བརྐོས་མཉམ་ལས་ཁང་འདིའི་ནང་ཞུགས་ཏེ། རྒྱལ་ཁབ་ཀྱི་རོགས་སྐྱོར་རྐྱང་བར་བརྟེན་པ་མ་ཡིན་པར་རང་ཉིད་ཀྱི་ལག་རྩལ་དང་ནུས་པར་བརྟེན། གཅིག་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དར་སྤེལ་དང་། གཉིས་སུ་རང་ཁ་རང་གསོའི་ལམ་དུ་བསྐྱོད་པར་ནུས་པ་བླ་ལྷག་ཐོན་ཡོད། སྔོན་དང་མ་འདྲ་བར་ད་ལྟ་ང་ཚོའི་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་ལྔ་ཡས་མས་ཡོད།


རྩེས་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གནས་བརྟན་ལ་བཅར་འདྲི་བྱེད་བཞིན་པ། 

རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་་གནས་ནི་རྩེས་སྟོད་སྡེ་བའི་དུང་དཀར་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་དང་ཟི་ལིང་ཤིང་བརྐོས་ཀུང་ཟི་གཉིས་ཐུན་མོང་མཉམ་འབྲེལ་གྱིས་ལས་གཉེར་བྱེད་བཞིན་ཡོད་ལ། དེས་ས་གནས་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག དཀའ་ཁག་ཅན་གྱི་དུད་ཁྱིམ་དང་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱི་དབུལ་ཕོངས་མང་ཚོགས་ཁྲོད་ཀྱི་རིག་གནས་ཆུ་ཚད་དང་ངལ་རྩོལ་ནུས་པ་ངེས་ཅན་ཞིག་ལྡན་པའི་ན་གཞོན་སྐོར་ཞིག་ལེགས་འདེམས་ཀྱིས་གསོ་སྦྱོང་ལ་ཞུགས་སུ་བཅུག་ཅིང་། གཙོ་བོ་བོད་ལུགས་ཁྱིམ་ཆས་དང་ཤིང་བརྐོས། རྡོ་བརྐོས་ཀྱི་ལག་རྩལ་དང་། ཨར་ལས་འདམ་བཟོའི་ལག་རྩལ་སོགས་ཁོང་དུ་ཆུད་པར་བཅུག་ནས་མི་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་རྒྱུན་འཛིན་དར་སྤེལ་དང་། དབུལ་ཕོངས་མང་ཚོགས་རྣམས་ཀྱིས་རང་ངོས་ཀྱི་ངལ་རྩོལ་ལག་རྩལ་ལ་བརྟེན་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པར་བྱེད་པ་དང་སྡེ་བ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གང་ལེགས་ཐོན། སྡེ་མི་ཀུན་དར་གྱིས་བཤད་རྒྱུར།

ངེད་ཚང་ལ་མཚོན་ན་ཁྱིམ་མི་དྲུག་ཡོད་ལ། ཁྱིམ་ཚང་དབུལ་བོ་དབུལ་ནག་ཅིག་ཡིན། དེ་བས་སྲིད་གཞུང་གི་རྒྱབ་སྐྱོར་འོག མ་མཐའི་འཚོ་བའི་འགན་སྲུང་ཅན་གྱི་ཁྱིམ་ཚང་གི་གྲས་སུ་བཞག་པ་རེད། ངའི་ཆུང་མས་ཟ་ཁང་ཞིག་ཏུ་ཞབས་ཞུའི་ལས་ཀ་སྒྲུབ་བཞིན་ཡོད་ལ། ཟླ་རེར་སྒོར་སྟོང་གཉིས་ལྷག་གི་ཟླ་ཕོགས་དང་། ང་རང་ཉིད་འདིར་འོང་སྟེ་ཤིང་བཟོ་ཡི་ཡོད་ཅིང་། ཟླ་རེར་ཕལ་ཆེར་སྒོར་སྟོང་ལྔ་ནས་དྲུག་ཙམ་ཡོད། ཏང་དང་སྲིད་གཞུང་གི་བཀའ་དྲིན་ལས་བྱིས་པ་ཚང་མ་སློབ་གྲྭ་བསྐྱལ་ཡོད་མོད། སློབ་ཡོན་སྐར་གང་ཡང་དགོས་ས་མ་རེད། ད་ལྟ་ངའི་ཁྱིམ་ཚང་སྔོན་དང་བསྡུར་ན་ཡར་རྒྱས་སུ་སོང་ཡོད


རྩེས་སྟོད་སྡེ་བའི་སྡེ་མི་ཀུན་དར་ལ་བཅར་འདྲི་བྱེད་བཞིན་པ།

མགོ་ལོག་ཁུལ་པདྨ་རྫོང་ནི་གཙོ་བོ་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་དུ་གཏོགས་ལ། ས་གནས་ཀྱི་དགོན་པ་དང་ཁྱིམ་ཚང་གི་ཁང་བའི་མཛེས་སྤྲས་ལ་བོད་ལུགས་ཀྱི་ཁྱད་ཆོས་མངོན་དོད་བྱ་རྒྱུར་གཙོར་འཛིན་བྱེད་བཞིན་ཡོད་པར་དམིགས་ནས། སྨར་ཁོག་ཡུལ་ཚོའི་རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱིས་གཙོ་བོ་མི་རིགས་ཀྱི་ཁྱད་ཆེས་འབུར་ཏུ་བཏོད་དེ། ད་ལྟའི་བར། བོད་ལུགས་ཀྱི་ཁྱིམ་ཆས་དང་དགོན་པར་མཁོ་བའི་ཤིང་ཆས་ཀྱི་རིགས་སྣ་ཚོགས་ལྔ་བརྒྱ་ལྷག་ཕྱིར་འཚོང་བྱས་ཟིན་ལ། ཚོང་གཉེར་ཡོང་འབབ་སྒོར་འབུམ་དགུ་ལྷག་ཏུ་སླེབས་པ་དང་། དེ་ལས་ཁེ་སྤོགས་རྐྱང་བ་སྒོར་འབུམ་གཅིག་དང་ཁྲི་ལྔ་ལྷག་ཐོབ། 2019ལོའི་ལོ་མཇུག་ཏུ། རྩེས་སྟོད་སྡེ་བའི་ཤིང་བརྐོས་ བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱིས་ཁྱིམ་ཚང་བརྒྱ་དང་ཞེ་བརྒྱད་ལ་ཡོང་འབབ་སྒོར་ཁྲི་བདུན་ལྷག་བགོ་བཤའ་བརྒྱབ། སྨར་ཁོག་ཡུལ་ཚོའི་རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ནི་ཡུལ་ཚོའི་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བའི་ཉམས་ཞིབ་གལ་ཆེན་ཤིག་ཡིན་ལ།  ས་གནས་ཀྱི་དབུལ་ཕོངས་མང་ཚོགས་ལ་བདེ་སྐྱིད་འོད་སྣང་བསུ་བའི་སྐྱ་རེངས་ཐོག་མ་དེ་ཡིན།

སྨར་ཁག་ཞང་གི་དབུལ་ཕོངས་མང་ཚོགས་ཀྱིས་ཏང་ལ་ཕུལ་བའི་བསྟོད་གླུ་སྐད་གཉིས་ཤན་སྦྱར་མ།

གསར་འགོད་པས་ཡུལ་དངོས་རྒྱུས་ལོན་བྱེད་བཞིན་པ།

ཤིང་བརྐོས་ལག་རྩལ་ལས་བྱུང་བའི་ཁྱིམ་ཆས་དང་ཡོ་བྱད།

རྡོ་བརྐོས་ཡི་གེ

སྨར་ཁོག་ཞང་གི་ཐོན་རྫས་འགྲེམ་སྟོན་ཁང་གི་ཟུར་སྣེ་གཞན་ཞིག

རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཤིང་བརྐོ་བཞིན་པ། 

གསར་འགོད་པ། རྟ་མགྲིན་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།