འབྲོག་མོ་སྙིང་རུས་ཅན་ཞིག་གི་དབུལ་ཐར་གཏམ་རྒྱུད།
2020.08.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1620

རེབ་འདིར་ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི༼དབུལ་ཕོངས་རྒྱང་དུ་བསྐྱུར། འབྱོར་ཕྱུག་དཔལ་ལ་རོལ༽ཞེས་པའི་བཅར་འདྲིའི་ཚན་ཆུང་གི་གསར་འགོད་པས་བཅར་འདྲི་བྱ་ཡུལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་སྒོ་རྒྱངས་སྡེ་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན།

གལ་སྲིད་ཁྱེད་རང་གཅིག་སྒྲིལ་རྫོང་དུ་འགྲོ་མྱོངས་ཡོད་ཚེ། རྫོང་དེའི་རྨ་ཆུའི་སྲང་ལམ་གྱི་མ་འགྲམ་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་འབྲོག་མོའི་ལག་ཟས་ཞེས་གསེར་མདོག་གི་སྒོ་བྱང་སྲིད་དུ་རིང་བ་ཞིག་བཀལ་ཡོད་ལ། དེ་ནི་ལ་ཁའི་ལུག་རྫིར་མ་གཏོགས་འགྲོ་མ་མྱོངས་ཤིང་། ཆུ་ཁའི་ཆུ་ལེན་མ་གཏོགས་ངོ་མི་ཤེས་པའི་འབྲོག་མོ་དཀྱུས་མ་ཞིག་གིས་གཉེར་བའི་བོད་ཟས་ཁང་ཆུང་ཆུང་ཞིག་རེད།  ཟ་ཁང་དེ་ནི་རྨིད་གྲུ་བཞི་མ་བརྒྱ་དང་ལྔ་བཅུའི་གྲུབ་ཅིང་སྟེང་འོག་གཉིས་སུ་ཕྱེས་ཡོད། སྒོའི་ནང་དུ་འཛུལ་མ་ཐག སྤོས་དྲིའམ་ཤུག་དུད་འདྲེས་མའི་དྲི་མ་ཁམས་དྭངས་བ་ཞིག་མགྲོན་ཚུར་ཡོང་སྔོན་གྱི་བསུ་མར་དྲངས་འོངས། ཟ་ཁང་དེའི་གཅིག་ཐོག་གི་ཚོང་སྒྲོམ་ནང་དུ་ཆང་རིགས་དང་བཏུང་ཆུ། དེ་མིན་ཇ་ལོ་སྣ་ཚོགས་ཀྱི་དབྱེ་བ་རིམ་པར་སྒྲིག་ཡོད་ཅིང་། དེའི་ཐད་དྲང་གི་གཡས་གཡོན་གཉིས་སུ་མགྲོན་པོ་གསུམ་ནས་བཞི་ཙམ་ཤོང་སའི་ཁང་མིག་གི་རྣམ་པ་ཆུང་ངུར་བགོས་པ་གཉིས་གསུམ་ཙམ་འདུག ཉིས་ཐོག་ཏུ་ཆབ་ཁང་དོག་མོ་གཅིག་མ་གཏོགས་པ་ཡོངས་སུ་མགྲོན་པོ་འདུག་སར་བཀོད་སྒྲིག་བྱས་ཡོད་མོད། རྣམ་པ་གཅིག་ཐོག་དང་མི་འདྲ་བར་མགྲོན་པོ་བཅུ་གྲངས་རེ་བསྡད་ཆོག་པར་བྱས་ཡོད། ད་དུང་ཟ་ཁང་དེའི་ནང་ངོས་ཡོངས་སུ་ཤིང་ཆ་སྣ་ཚོགས་ཀྱིས་མཛེས་བཟོ་བྱས་ཡོད་ཅིང་། མཛེས་བཟོའི་ཇུས་འགོད་ཀྱི་རྣམ་པ་མཐོང་འོངས་དུས། དེ་ནི་མ་མཐར་ཡང་ཆེད་ལས་པ་སུ་ཞིག་གི་ཐོག་མའི་སྐྱ་ཐིག་ལས་བྱུང་བ་ཡིན་ཤག་ཤག་རེད་བསམ་མོད། དེ་མཐའ་དག་ཡང་འབྲོག་མོ་དེ་ག་རང་ཉིད་ཀྱི་བློ་ཁོག་ལ་དྲན་པ་ལྟར་རང་ཉིད་ཀྱིས་མཛེས་བཟོ་བྱས་པ་ཡིན་པར་བཤད།  ཁང་བའི་ཟ་ཟུར་དང་བར་ཁྱམས་གང་སར་ས་གར་བསྡད་དང་ལག་གང་སྙོབས་ཀྱིས་དུས་དེབ་དང་དཔེ་ཆ་གང་མང་ལ་བལྟས་ཆོག་པར་བྱས་ཡོད་པས། དེ་ནི་ཟས་ཀྱིས་ལྟོ་བ་འགྲེངས་ཤིང་ཤེས་བྱས་མིག་རྒྱ་བསྐྱེད་ཐུབ་པའི་གནས་མལ་དྲོན་མོ་ཞིག་ཀྱང་རེད།

འབྲོག་མོའི་ལག་ཟས་ཟ་ཁང་།

ཟ་ཁང་ནང་གི་དཔེ་སྒྲོམ།

ང་ཚོ་གསར་འགོད་པ་ཟ་ཁང་དེའི་ནང་དུ་འབྱོར་དུས། གོས་སྨུག་ནག་གི་བོད་ལྭའི་ཕུ་ཐུང་སྐེད་པར་དཀྲིས་ཤིང་། སྐེ་ལ་གཟུ་ཡི་རྒྱན་ཆ་མི་ཆེན་གྱི་མཛུབ་མོ་ཙམ་ལ་བྱུར་དམར་རྡོག་གཉིས་ཀྱི་འཛབ་ཅན་བཏགས་པ། གདོང་དཀར་ལ་དམར་མདངས་ཤས་ཆེ་བའི་འབྲོག་མོ་ཞིག་ཁྱིམ་དེ་གར་གད་དར་གྱི་ལས་ལ་བྲེལ་བཞིན་འདུག དེ་མིན་ཁེར་ཐོག་གི་ཚོང་སྒྲོམ་མདུན་དུ་མོ་ལོ་ཉི་ཤུ་ཡས་མས་ཨེ་ཡིན་ནམ་སྙམ་པའི་གཞོན་སྐྱེས་མ་ཞིག་གིས་ཀྱང་དེ་གར་གཙང་སྦྲ་བྱེད་བཞིན་འདུག  བློ་ཡུལ་དུ་མ་ཤར་བ་ཞིག་ལ་ཕར་བལྟས་ཚོད་ལ་མོ་ལོ་བཞི་བཅུར་ཉེ་བའི་འབྲོག་མོ་དེ་ནི་ཟ་ཁང་འདིའི་བདག་མོ་རིག་བྱེད་དབང་མོ་ཡིན་ཟེར།

ང་རང་ལོ་བཅུ་གཅིག་བཅུ་གཉིས་ཡིན་དུས་སློབ་ཆུང་ལོ་རིམ་དང་པོར་འགྲོ་མྱོང་། ཡིན་ནའང་ལོ་གཅིག་འགོར་བའི་རྗེས་སུ་ཁྱིམ་གྱི་རྒྱུ་འབྱོར་ཞན་པས་ཕྱིར་འབྲོག་ལ་སླེབས་ཏེ། སྨན་རྩྭ་བརྐོ་བ་དང་འབྲོག་ལས་གཉེར་ནས་འཚོ་བ་རོལ་བ་ཡིན་་་་

ལས་ལ་བྲེལ་བའི་ཟ་ཁང་གི་བདག་མོ།

ལོ་ངོ་འདི་དག་གི་རིང་ལ། རིག་བྱེད་དབང་མོས་དྲིན་ཕ་ལོའི་རྒྱབ་རྟེན་གྱི་དྲོད་ཤ་ཡལ་བ་དང་ཁྱིམ་བཟའ་བའི་དཔུང་རྡང་གི་འབྲེལ་ཐག་ཆད་དེ། ནང་བཟའ་མི་གང་བོའི་འཚོ་བའི་བདེ་སྡུག་གི་འགན་འཁྲི་ལྕི་མོ་མོ་རང་གཅིག་པུའི་ཕྲག་སྟེང་དུ་བབས་ཀྱང་། འདི་དག་ཡོད་ཚད་ཁོ་མོའི་སྡུག་ཡུས་དང་མིག་ཆུ་ཁོ་ནས་འབྱུང་རྐྱེན་དུ་མ་རློམ་པར། སྔ་ན་མེད་པའི་སེམས་ཤུགས་དང་སྡུག་རེས་ཀྱི་སྒུལ་ཤུགས་སུ་རློམ་པ་ནི་ཆེས་སྤྱིར་བཏང་གི་འབྲོག་མོ་འདིའི་ཟུང་ཁྲག་གི་རྒྱུ་བར་འདྲེས་པའི་ལ་རྒྱ་ཞིག་ཏུ་ངོས་བཟུང་ཆོག གསར་འགོད་པས་ཁོ་མོ་དང་བཅར་འདྲི་བྱེད་པའི་གོ་རིམ་ཁྲོད། མོས་མིག་ལྕིབས་ལྷེམ་ཙམ་ལྷེམ་ཙམ་བྱེད་ཞོར་ཕྱིར་དྲན་དང་བཅས་ཏེ་བཤད་རྒྱུར། ༢༠༡༦ལོར་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག ངེད་ཚང་དབུལ་ཁྱིམ་གྱི་གྲས་སུ་བཞག་པ་དང་། ཕྱུགས་ལས་ནས་རྫོང་མཁར་དུ་གནས་སྤར་ཏེ་སྡོད་ཁང་གསར་བར་སྡོད་ཐུབ་པ་བྱུང་། ཡིན་ཡང་འཚོ་བ་གསར་བར་ཞུགས་མ་ཐག་པའི་ང་རང་ཉིད་ལ་མཚོན་ན་ཡོད་ཚད་ཀྱི་ཡོད་ཚད་འགྱུར་སོང་བ་འདྲ་ལ། ཡང་ཡོད་ཚད་ཀྱི་ཡོད་ཚད་ཧ་ཅང་ཆ་མེད་རྒྱུས་མེད་ཅིག་ཏུ་གྱུར་སོང་བ་འདྲ། ངའི་འཚོ་གནས་ཀྱི་ཁོར་ཡུག་དང་འཚོ་སྟངས་ཡོད་ཚད་ལ་འགྱུར་བ་ཆེན་པོ་བྱུང་སོང་། མཚམས་རེར་རྫོང་མཁར་འདིའི་ཡོད་ཚད་ང་དང་གཏན་ནས་འབྲེལ་མེད་ཅིག་ཏུ་སྣང་ལ། ཡང་ལན་རེར་ང་རང་རྟ་ནོར་ལུག་གསུམ་དང་བྲལ་ཚར་རྒྱབ། ད་ནི་མ་ལོ་དང་བྱིས་པ་གསུམ་པོ་རང་མ་གཏོགས་པའི་གཞན་སུ་ལའང་ཧ་ཅང་ཁ་ཐག་རིང་འདུག་སྙམ་པའི་སྐྲག་སྣང་ཤིག་ཀྱང་སྐྱེས་འོངས། གང་ལྟར།  ཏང་དང་སྲིད་གཞུང་གི་ཐོག་མཐའ་བར་གསུམ་གྱི་བཀའ་དྲིན་ལས་ངས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་གྲོང་ཁྱེར་འདིར་རྐང་ཚུགས་འདོད་ཀྱི་འདུན་པ་དྲག་པོ་དེར་ནམ་ཡང་འགྱུར་བ་བྱུང་མ་མྱོངས། སྟབས་ལེགས་པ་ཞིག་ལ། ༢༠༡༧ལོའི་ལོ་སྟོད་ཙམ་ལ། ང་རང་ཟ་མ་གཡོས་སྦྱོར་གྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཞིག་ཏུ་ཞུགས་ཐུབ་པ་བྱུང་སོང་བས། དེ་ནི་ངའི་བསམ་ཐོག་གི་རི་མོ་དོན་ཐོག་ཏུ་སྨིན་པའི་རྟེན་འབྲེལ་ཅིག་གི་མགོ་མ་ཡིན་ཞེས་བཤད་ཆོག རིག་བྱེད་དབང་མོས་མུ་མཐུད་ནས་བཤད་རྒྱུར།

རང་ཁ་རང་གསོའི་ཕྱོགས་ལ་འབད་དགོས་སྙམ་པའི་བསམ་པ་ཞིག་སྐྱེས་ཐལ། དེ་བས་ དམིགས་ཡུལ་འདི་ལྟ་བུ་ཞིག་གཞི་བཅོལ་ནས་ཁང་བ་ཞིག་གླས་ཏེ། 2018ལོར་མགོ་བརྩམས་པ་ཡིན། རྒྱལ་ཁབ་ཀྱི་རོགས་སྐྱོར་རྣམ་གྲངས་གཞིར་བྱས་ཐོག་འདིའི་ནང་ལ་བསྡོམས་པའི་མ་དངུལ་འབུམ་གཅིག་དང་ཁྲི་ལྔ་ལྷག་ཤོར་ཟིན། དེ་ལས་མ་དངུལ་སྒོར་ཁྲི་གསུམ་ཙམ་མ་གཏོགས་པ་ཚང་མ་གཙོ་བོ་རྒྱལ་ཁབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་བཏང་བའི་རོགས་སྐྱོར་མ་དངུལ་དང་ང་རང་ཉིད་ཀྱིས་ཟ་ཁང་ལ་བརྟེན་ནས་ཐོབ་པའི་ཡོང་འབབ་རྐྱང་བ་ཡིན།  སྒོར་ཁྲི་གསུམ་པོ་དེ་སྲིད་གཞུང་གི་སྐྱེད་ཀ་མེད་པའི་དངུལ་བུན་ཡིན། ད་ལྟ་ངས་བུ་ལོན་ཡོངས་སུ་འཇལ་ཚར་བཞག་ཡོད།

འབྲོག་མོའི་ལག་ཟས་ཞེས་པའི་ཟ་ཁང་འདིའི་ནང་དུ་ལས་ཀ་སྒྲུབ་མཁན་གྱི་མི་སྣ་གཉིས་མ་གཏོགས་མེད་ལ། གཅིག་ནི་ཟ་ཁང་འདིའི་བདག་མོ་རིག་བྱེད་དབང་མོ་རང་ཉིད་དང་། གཞན་དེ་ནི་བདག་མོའི་ལག་རོགས་སམ་ཡང་ན་ཟ་ཁང་འདིའི་ནང་དུ་ཞབས་ཞུའི་ལས་ཀ་སྒྲུབ་བཞིན་པའི་རིན་ཆེན་ལྷ་མོ་རེད། རིན་ཆེན་ལྷ་མོ་ནི་གཅིག་སྒྲིལ་རྫོང་བར་གཞི་ཡུལ་ཚོ་རུ་ཆེན་གསུམ་པའི་མི་ཡིན་ལ། ཁྱིམ་གྱི་འབྱོར་བ་ཞན་ཁར་མོ་རང་ཡང་སློབ་གྲྭར་གཏན་ནས་འགྲོ་མྱོངས་མེད་པས་རྫོང་མཁར་ནས་ཞོར་ལས་གཞན་ཞིག་བཙལ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་གནས་སུ་ལྷུང་། དེར་བརྟེན་རིག་བྱེད་དབང་མོས་ཁོ་མོ་ཟ་ཁང་གི་ཞབས་ཞུའི་མིང་ཐོག་ནས་ལག་རོགས་སུ་བཀུག་སྟེ། སྐྱིད་མཉམ་རོལ་དང་སྡུག་མཉམ་ཁུར་གྱི་འཚོ་བ་རོལ་ཏུ་བཅུག རིན་ཆེན་ལྷ་མོ་ཡིས་བཤད་རྒྱུར།

ང་རང་ལ་མཚོན་ན་རྒྱ་ཡིག་རྒྱ་སྐད་གཅིག་ཀྱང་ཤེས་པ་མ་རེད། དེ་བས་ཟ་ཁང་འདིའི་ནང་དུ་ལས་ཀ་སྒྲུབ་ན་གཅིག་ནས་སྦྱིན་བདག་མ་ཡང་བོད་མི་ཞིག་ཡིན་པས་སྐད་ཆའི་བརྡ་འཕྲོད་ཐུབ་ཀི གཉིས་སུ་ལས་ཀའི་ཐད་ནས་ཀྱང་གཙོ་བ་ཟ་མ་སྐྱེལ་བ་དང་གཙང་སྦྲ་བྱེད་པ། སྣོད་ཆ་བཀྲུ་རྒྱུ་སོགས་ངས་སྒྲུབ་ནུས་པ་ཤ་སྟག་རེད། དེ་མིན་ད་རུང་ཟླ་རེར་སྒོར་སྟོང་གཅིག་དང་བདུན་བརྒྱ་ལྷག་གི་ཟླ་ཕོགས་རག་ཐུབ་ཀི

རིན་ཆེན་ལྷ་མོར་བཅར་འདྲི་བྱེད་བཞིན་པ།

རིག་བྱེད་དབང་མོར་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ལྟ་བུ་ཞིག་ཐོབ་ཡོད་པ་ནི་ཏང་དང་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་ཀྱི་བཀའ་དྲིན་ལོས་ཡིན་ཀྱང་། དེ་ལས་ཀྱང་ཁོ་མོ་རང་ཉིད་ཀྱི་བློ་རྒྱ་དང་ཧུར་སེམས་ནི་སྒོ་རྒྱངས་སྡེ་བའི་དབུལ་ཕོངས་མང་ཚོགས་ཀུན་གྱིས་མིག་དཔེ་དང་སློབ་སྦྱོང་བྱེད་སར་གྱུར་ཡོད། སྒོ་རྒྱངས་སྡེ་བའི་ཀྲུའུ་རིན་བྱང་ཆུབ་དཔལ་གྱིས་བཤད་རྒྱུར།

རིག་བྱེད་དབང་མོ་ནི་ང་ཚོ་སྒོ་རྒྱང་རུ་ཆེན་གྱི་རུ་ཆུང་གཉིས་པའི་མི་ཡིན། ཁོ་མོར་མཚོན་ན་སྔོན་ཆད་སློབ་གྲྭར་གཏན་ནས་འགྲོ་མྱོང་མེད་པའི་ཁར། ད་ལྟ་ཁྱིམ་དུ་མ་རྒན་དང་བྱིས་པ་གསུམ་པོ་མ་གཏོགས་མེད་པས་འཚོ་བའི་བདེ་སྡུག་གི་འགན་འཁྲི་དེ་མོ་རང་གཅིག་པུས་ཕྲག་ཏུ་བབས་ཡོད། ཡིན་ཡང་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་རྐྱང་བར་བསྟེན་ནས་མ་བསྡད་པར་རང་ནུས་ཅི་ལྕོགས་དང་ཐབས་བརྒྱ་ཇུས་སྟོང་གིས་ཟ་ཁང་ཆུང་ཆུང་ཞིག་ཕྱེས་ཏེ། ཡོང་སྒོ་བཙལ་བ་རེད་དེ། ད་ལྟ་ཡིན་ན་འཚོ་བ་སྔར་ལས་རྡབ་འགྱུར་གྱིས་ཇེ་བཟང་ཇེ་ལེགས་སུ་ཕྱིན་ཡོད། འདི་དག་ཚང་མ་རིག་བྱེད་དབང་མོ་རང་ཉིད་ཀྱི་འབད་བརྩོན་དང་ནུས་པར་བརྟེན་ནས་བྱུང་བ་རེད།

སྒོ་རྒྱངས་སྡེ་བའི་ཀྲུའུ་རིན་བྱང་ཆུབ་དཔལ་ལ་བཅར་འདྲི་བྱེད་བཞིན་པ།

དྲུག་ཆེན་སུམ་མདོ་གྲོང་རྡལ་སྒོ་རྒྱངས་སྡེ་བར་མཚོན་ན་རིག་བྱེད་དབང་མོ་ལྟ་བུའི་ཚོང་གཉེར་བ་མེད་པ་མིན་ལ། དེ་བས་ཀྱང་རིག་བྱེད་དབང་མོ་ལྟ་བུའི་འབྱོར་མེད་ཁྱིམ་ཚང་མེད་པའང་མ་ཡིན་མོད། འོན་ཀྱང་རིག་བྱེད་དབང་མོ་ལྟ་བུའི་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་གིས་རང་ཉིད་ཀྱི་ལག་ཟུང་དང་འབད་འཐབ་ལ་བརྟེན་ནས་རང་ཁ་རང་གསོའི་ལམ་དུ་སྐྱོད་མཁན་ཐོག་མ་ཡིན་པས། རིག་བྱེད་དབང་མོ་ནི་སྒོ་རྒྱངས་སྡེ་བའི་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་སྣེ་ཁྲིད་མཁན་ཞིག་ཡིན་ཞེས་བཤད་ཀྱང་ཆོག

མི་ཚེ་འཛུམ་གྱིས་བསུ་བ།

ཟ་ཁང་གི་ནང་ངོས་ཇུས་འགོད་དང་མཛེས་བཟོ།

གསར་འགོད་པ། རྟ་མགྲིན་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།