མི་དྲིན་ཆེན། ཟོག་གཡང་ཅན།
2020.08.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 120

    ནོར་འཛིན་སྒེག་མོས་དབྱར་གྱི་ལང་ཚོའི་མཛེས་ཉམས་ཅི་དགར་མངོན་ཞིང་། མེ་ཏོག་སྣ་བརྒྱའི་དྲི་བསུང་བསྣམས་པའི་དྲོད་འཇམ་རླུང་བུ་དལ་གྱིས་ལྡང་བའི་མཐོ་སྒང་གི་ཡུལ་གྲུ་སྟེ་མགོ་ལོག་དར་ལག་རྫོང་དུ། ཏང་གི་སྲིད་ཇུས་བཟང་བོའི་འོད་དང་དྲོད་ཀྱི་དྲིན་ལས། རིགས་སོ་སོའི་མི་དམངས་དག་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་སྤོབས་པ་དང་རེ་བ་ཆེན་པོས་ཞུགས་བཞིན་པའི་ཉམས་དགའ་བའི་སྣང་ཚུལ་ཞིག་ང་ཚོའི་མིག་མདུན་དུ་མངོན་ནས་ཡིད་ལ་དགའ་མགུའི་ཚོར་བ་སྨྲ་བརྗོད་ལས་འདས་པ་ཞིག་སྐྱེས་སུ་བཅུག

  མགོ་ལོག་གི་མངའ་ཁོངས་སུ་ཆེས་ཐོག་མར་རྒྱལ་དར་བསྒྲེངས་སའི་དར་ལག་རྫོང་ནི་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་རྨ་ཀླུང་དལ་འབབ་རིང་མོའི་འགྲམ་བརྒྱུད་དུ་རྔམ་བརྗིད་དཔལ་གྱིས་ཆགས་པའི་ཕྱུགས་ལས་རྫོང་ཞིག་རེད། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་དུང་བརྡ་གསལ་ལྷང་ལྷང་བསྒྲགས་པ་དང་བསྟུན་ནས། དར་ལག་རྫོང་གི་རིགས་སོ་སོའི་མི་དམངས་ཀྱང་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར། རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལྟར། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་འབྱོར་ཕྱུག་ལ་བསྙེག་པའི་དམིགས་ཡུལ་མངོན་དུ་འགྱུར་ཆེད། ཉིན་མཚན་དབྱེར་མེད་དུ་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྟེན་བཞིན་ཡོད། དབུལ་ཐར་གྱི་གོ་རིམ་ཁྲོད་དུ་སྔོན་ཐོན་མིག་དཔེའི་ནུས་པ་ཐོན་ཞིང་ཕུལ་བྱུང་གྲུབ་འབྲས་བླངས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་དུ་བྱུང་ཡོད།

  འོད་གསལ་ཡུལ་ཚོ་གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་པད་མ་རྒྱལ་ནི་སྡེ་བའི་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ་ཅིང་། མིག་དཔེའི་སྙན་པ་དར་ལག་རྫོང་ཧྲིལ་བོར་འབྲུག་ལྟར་ལྡིར་བའི་དབུལ་ཐར་གྱི་སྣེ་ཁྲིད་པ་དཔེ་མེད་ཅིག་ཡིན་པ་རེད། ཁོང་གིས་མི་དམངས་མང་ཚོགས་དང་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱས་པ་དང་འཕེལ་རྒྱས་ཀྱི་བགེགས་སུ་གྱུར་བའི་དཀའ་གནད་སྣ་ཚོགས་ཐག་གཅོད་བྱས་ཏེ། གཡུ་ལུང་སྡེ་བའི་དབུལ་ཐར་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པར་བྱས་ཡོད།

    གཡུ་ལུང་སྡེ་བ་ནི་བྲག་རྒན་ཐང་གི་གོང་སྟོད་དུ་ཡོད་ཅིང་། བྲག་རྒན་ཐང་ནི་མགོ་ལོག་ཁུལ་སྲིད་གཞུང་ཐོག་མར་ཆགས་སའི་གནས་ཡིན་པ་རེད། སྡེ་བ་དེར་ཁྱིམ་ཚང་ཉིས་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། མི་གྲངས་བརྒྱད་བརྒྱ་ལྷག་ཡོད། དེ་ལས་དབུལ་ཕོངས་ཁྱིམ་ཚང་གོ་གཉིས་དང་དབུལ་ཕོངས་མི་གྲངས་སུམ་བརྒྱ་དང་དོན་བཞི་ཡོད།

པད་མ་རྒྱལ།

  པད་མ་རྒྱལ་གྱིས་ཐོག་མར་གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་སྐབས་མང་ཚོགས་མང་བོ་ཁོར་ཡིད་ཆེས་མེད་པ་དང་། ཚང་མས་གོང་རིམ་ནས་མངག་པའི་གཡུ་ལུང་སྡེ་བར་འབྲེལ་བ་མེད་པའི་གཞན་མི་ཞིག་གིས་སྡེ་བ་རང་གི་འཕེལ་རྒྱས་དང་ཕྱུག་འགྱུར་གྱི་ཕྱོགས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་མི་སྲིད་པར་བརྗོད་ནས་རང་བཞིན་དུ་བར་ཐག་བཀྱེད་དེ་ལྟ་སྟངས་ཅུང་མི་ལེགས་པ་བཟུང་འདུག ཡིན་ཡང་པད་མ་རྒྱལ་གྱིས་གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་བའི་ཚུན་ལ། གཡུ་ལུང་སྡེ་བའི་གློག་མེད་པ་དང་ཆུ་མེད་པའི་ཁྱིམ་ཚང་མང་བོའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་འདྲིས་བྱས་ནས་ཆུ་གློག་ལམ་གསུམ་གྱི་གནད་དོན་ཡོངས་སུ་ཐག་གཅོད་བྱས།  ཁོས་ཕྱོགས་རིས་ཀྱི་བསམ་པ་སོགས་ཅི་ཡང་མེད་པར་དྲང་བདེན་གྱི་སྒོ་ནས་དཀའ་ཁག་ཧ་ཅང་ཆེ་བའི་ཁྱིམ་ཚང་དག་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དུ་གཏན་འཁེལ་བྱས་ཤིང་། གོང་རིམ་གྱི་རོགས་སྐྱོར་རྣམ་གྲངས་སྣ་ཚོགས་བརྩོན་ལེན་བྱས་པའི་ཞོར་དུ། ས་ཞིང་མུའུ་དྲུག་བརྒྱའི་སྟེང་ཡུག་པོ་སོགས་གཟན་རྩྭ་འདེབས་འཛུགས་བྱས། གཟན་རྩྭ་འདེབས་འཛུགས་བྱ་བ་ལེགས་པོར་འགྲུབ་ཆེད། གོང་རིམ་འབྲེལ་ཡོད་ལས་ཁུངས་ནས་སྒོར་ས་ཡ་བདུན་བརྩོན་ལེན་བྱས་ཏེ་གཟན་རྩྭ་འདེབས་འཛུགས་ཀྱི་འཕྲུལ་ཆས་སྣ་ཚོགས་ཉོ་སྡུད་བྱས།

རྩྭ་འདེབས་འབྲེག་གི་འཕྲུལ་ཆས་སྣ་ཚོགས། 

གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་པད་མ་རྒྱལ་གྱིས་བཤད་རྒྱུར།  

ཉིས་སྟོང་བཅོ་ལྔ་ལོར་དར་ལག་རྫོང་འོད་གསལ་ཡུལ་ཚོ་གཡུ་ལུང་སྡེ་བར་ཧྲུའུ་ཅི་དང་པོའི་མིང་གིས་ཡོང་བ་ཡིན། ཐོག་དང་པོར་ངེད་ཚོ་ཡོང་དུས་ཡིད་མི་ཆེས་པ་དང་། ངེད་ཚོས་ཅིག་བཤད་ན་བདེན་པར་མི་འཛིན་པ་དེ་འདྲ་རེད། ངེད་ཚོ་རུ་ནང་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་ན། བདེན་པ་བདེན་དྲང་གིས་ཡག་པོ་བྱས་ནས་མི་བཤད་པ་དེ་འདྲ་ཡིན་ནི་རེད། རྗེས་ནས་ལོ་གཉིས་གསུམ་བྱ་བ་ལས་རྗེས། མང་ཚོགས་ཀྱིས་བལྟས་ན་འདི་ཚོས་བྱ་བ་རླབས་ཆེན་ཞིག་ལས་བཞིན་ཡོད་པ་དང་། ཁོ་ཚོའི་དཀའ་ཁག་ཀྱང་མཐོང་ཡོད་ལ། ཁོ་ཚོའི་གནས་ཚུལ་གོ་ཡོད། ཁོ་ཚོར་ཡོང་འབབ་བགོ་བཤའ་འབབ་ཀྱིན་ཡོད་པ་རེད་བསམ་ནས་ང་ཚོས་ཅི་ཞིག་བཤད་ཀྱང་ཁར་ཉན་ནི་རེད། ད་སྔ་གཡུ་ལུང་རུ་ཁག་ལ་མཚོན་ན། རྩྭ་བཏབ་ནས་དེ་ལས་ཡོང་འབབ་བཙལ་བ་དང་། ཕྱུགས་གསོས་ནས་ཡོང་འབབ་བཙལ་བཞིན་ཡོད། དེའི་ཕྱོགས་ནས་མང་ཚོགས་ཚང་མ་ཡིད་ཆེས་ནས་ང་ཚོའི་ཁར་ཉན་ནས་ལས་ཀའི་ནང་ཞུགས་ཡོད། ད་སྔ་མང་ཚོགས་ཀྱི་ཁང་བ་དང་ཡོང་སྒོ། བྱིས་པ་སློབ་གྲྭར་ཞུགས་ཚད། རྒན་གསོའི་ནང་ཞུགས་ཚད། སྨན་སྲུང་ནང་ཞུགས་ཚད་ཚང་མ་རྒྱལ་ཁབ་ཀྱི་རེ་བ་ལྟར་ཞུགས་ཡོད་ལ། དཀའ་ཁག་ཅི་ཡང་མི་འདུག ད་ལྟ་མང་ཚོགས་ཚང་མས་གུང་ཁྲན་ཏང་བཀའ་དྲིན་ཆེ། མི་དམངས་སྲིད་གཞུང་བཀའ་དྲིན་ཆེ་ཞེས་པའི་བསམ་བློ་དེ་འདྲ་ཞིག་ཡོད་ནི་རེད།

གཡུ་ལུང་སྡེ་བའི་ཧྲུའུ་ཅི་སྐལ་རྣམ། 

གཡུ་ལུང་སྡེ་བའི་ཧྲུའུ་ཅི་སྐལ་རྣམ་གྱིས་སྡེ་བས་དབུལ་ཐར་ཐད་ནས་བླངས་པའི་གྲུབ་འབྲས་གླེང་བྱུང་།  

ངེད་ཚོའི་ཧྲུའུ་ཅི་པད་མ་རྒྱལ་མཚོན་ན། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་མ་ཐག་གནས་འདིར་མངག་ཡོང་བ་རེད། ངེད་ཚོ་གཡུ་ལུང་སྡེ་བ་ནི་དབུལ་ནག་གི་སྡེ་བ་ཡིན་པ་དང་། ཁྱིམ་ཚང་མེད་པོ་ཆ་རྐྱེན་ཧ་ཅང་ཞན་ནི་རེད། བསམ་བློ་ཡང་རྗེས་ལུས་ཡིན་ནི་རེད། དབུལ་ཕོངས་ཁྱིམ་ཚང་ལ་མཚོན་ན་བསམ་བློ་དང་དཔལ་འབྱོར་ཕྱོགས་གང་ཅིའི་ཐད་ནས་རོགས་བྱས་ཡོད་ནི་རེད། ད་ལྟ་ང་ཚོའི་རྩྭ་འདེབས་མཉམ་ལས་ལྟ་བུ་ཡིན་ན་ཧ་ཅང་སྔོན་ཐོན་ཡིན་ནི་རེད། དབུལ་ཕོངས་ཁྱིམ་ཚང་གོ་གཉིས་བོར་ཉིས་སྟོང་བཅུ་དགུའི་ལོར་སྒོར་འབུམ་གཅིག་དང་ཁྲི་དྲུག་ཙམ་བགོ་བཤའ་བརྒྱབ་ཡོད།

  གཡུ་ལུང་སྡེ་བའི་རིག་གསར་ནི་ཕོ་ལོ་བཞི་བཅུར་སོན་མ་ཐག་པའི་ཕོ་གསར་དར་མ་ཞིག་ཡིན་ཡང་ལོ་འགའི་སྔོན་ནས་ནད་བརྟག་བྱས་པ་བརྒྱུད་དལ་གཤིས་ཁྲག་རིལ་དཀར་པོའི་ནད་བྱུང་བ་ཤེས་རྟོགས་བྱུང་། སྨན་ཁང་ཆེ་ཆུང་གང་རུང་དུ་བསྟན་ཀྱང་བཅོ་ཐབས་མེད་སྟབས་ན་ཡུན་ཇེ་རིང་དུ་སོང་ནས་ངལ་རྩོལ་གྱི་ནུས་པའང་ཉམས་པར་མ་ཟད། ཚེ་སྲོག་གི་ཉེན་ཁར་འཕྲད་ཡོད་ལ། ཁྱིམ་ཚང་གི་ཁུར་བོ་ལྗིད་མོ་ཆུང་མ་འཕགས་སྐྱིད་གཅིག་པུའི་ཕྲག་སྟེང་དུ་བབས་སོང་། པད་མ་རྒྱལ་གྱིས་ཁོ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས། ཀྲུང་ཧྭ་སྙིང་རྗེ་སྤྱི་ཁྱབ་ཚོགས་པར་འབྲེལ་གཏུག་བྱས་ཏེ་རིག་གསར་ལ་རིན་མེན་གྱི་སྨན་རྫས་བརྩོན་ལེན་བྱས། ཉིས་སྟོང་བཅོ་བརྒྱད་ལོར་སྒོར་འབུམ་གཅིག་དང་ཁྲི་བརྒྱད་ཀྱི་སྨན་རྫས་བླངས་པ་དང་། ཉིས་སྟོང་བཅུ་དགུའི་ལོར་སྒོར་འབུམ་གཉིས་དང་ཁྲི་ལྔའི་སྨན་རྫས་བླངས་ཡོད་ལ། ཉིས་སྟོང་ཉི་ཤུའི་ལོར་འདུས་ཚད་ནུས་པ་སྔར་ལས་མཐོ་བའི་སྨན་རྫས་གཞན་པར་བརྗེས་སྟབས་སྒོར་འབུམ་གསུམ་གྱི་རིན་མེད་སྨན་རྫས་སྦྱིན་པར་ཁས་བླངས་ཡོད། དེ་ལྟར་རིན་གོང་མཐོ་ཞིང་ནུས་པ་བཟང་བའི་སྨན་རྫས་བསྟེན་པས་རིག་གསར་གྱི་ནད་ཀྱང་ཇེ་དགར་སོང་ནས་ངལ་རྩོལ་བྱས་ཀྱང་གནོད་འགལ་ཆེར་མེད་པར་གྱུར་ཡོད། ཀྲུང་ཧྭ་སྙིང་རྗེ་སྤྱི་ཁྱབ་ཚོགས་པའི་རིན་མེད་སྨན་རྫས་དེ་དག་ཟི་ལིང་དུ་བསྐུར་ཡོང་ན། པད་མ་རྒྱལ་གྱིས་དཀའ་ཚེགས་ལ་མ་འཛེམ་པར་དངོས་སུ་ལེན་དུ་འགྲོ་བ་དང་ཐད་ཀར་དུ་རིག་གསར་གྱི་ལག་ཏུ་སྤྲོད་ཅི་ཐུབ་བྱེད་བཞིན་ཡོད།

གཡུ་ལུང་སྡེ་བའི་སྡེ་མི་རིག་གསར། 

གཡུ་ལུང་སྡེ་བའི་སྡེ་མི་རིག་གསར་གྱིས་བཤད་རྒྱུར།

ང་མགོ་ལོག་དར་ལག་རྫོང་འོད་གསལ་ཡུལ་ཚོ་གཡུ་ལུང་འབྲོག་ཨུ་ཁང་གི་སྡེ་མི་ཞིག་ཡིན། ངའི་མིང་ལ་རིག་གསར་ཟེར། ད་སྐབས་བཤད་ན་ང་ནད་པ་ཞིག་ཡིན། ཉིས་སྟོང་བཅོ་བརྒྱད་ལོ་ནས་དལ་གཤིས་ཁྲག་རིལ་དཀར་པོའི་ནད་ཕོག་ནི་རེད། རང་གཅིག་པུའི་སྟེང་ལ་མཚོན་ན། པད་མ་རྒྱལ་འདི་མི་དྲིན་ཆེན། ཟོག་གཡང་ཅན་ཡིན་ནི་རེད། པད་མ་རྒྱལ་གྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་འདྲིས་བྱས་ཏེ་དཀའ་ལས་སྐུ་ཚེགས་ཆེན་པོ་མྱངས་ནས་ང་ལ་སྨན་འདི་འདྲའི་གོང་ཆེན་རིན་པ་སྟེར་མི་དགོས་པར་ལེན་རོགས་བྱས་ནི་རེད། ད་སྐབས་བཤད་ན་འདི་འདྲའི་ལས་བྱེད་བཟང་བོ། སེམས་ཡག་པ་ཅན་ཧ་ཅང་དཀོན་མོ་རེད། པད་མ་རྒྱལ་གྱིས་མི་གཞན་པའི་དོན་ཞིག་ཨེ་འགྲུབ་མི་འགྲུབ་བྱེད་པ་མ་གཏོགས་སྒེར་དོན་ཞིག་མི་བསྒྲུབ་པའི་འདི་འདྲའི་མི་བཟང་བོ་ཡིན་ནི་རེད། སྨན་གྱི་ཕྱོགས་ནས་བཤད་ན། ཉིས་སྟོང་བཅོ་བརྒྱད་ལོར་བལྟས་ན་བཅུ་དགུའི་ལོ་བཟང་གི བཅུ་དགུའི་ལོ་ལས་ད་ལོ་ཉི་ཤུ་ལོའི་སྨན་བཟང་གི ད་སྐབས་ངའི་ལུས་ལ་ནད་མེད་པ་ལྟ་བུའི་ཧ་ལས་པ་བཟང་བོར་གྱུར་འདུག པད་མ་རྒྱལ་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

རིག་གསར་གྱི་ཆུང་མ་འཕགས་སྐྱིད། 

རིག་གསར་གྱི་ཆུང་མ་འཕགས་སྐྱིད་ཀྱིས་དྲིན་གཟོའི་སེམས་པ་གནོན་ཐབས་བྲལ་བའི་སྒོ་ནས་བཤད་རྒྱུར།

ངའི་བཟའ་ཚང་ན་ནས་ལོ་རེ་འགའ་འགོར་སོང་། ཡུལ་གང་རུང་ལ་སོང་ནས་ཁབ་རེ་བརྒྱག་པ་ལས་བཀོད་པ་མེད་ཀི ལོ་འགའི་སྔོན་ཧྲུའུ་ཅིའི་དྲིན་གྱིས་ཚེ་སྲོག་ལ་ཉེན་ཁ་མ་བྱུང་། སྨན་དེ་འཐུང་ནས་ནད་ཇེ་དགར་འགྲོ་བཞིན་ཡོད། ཚེ་སྲོག་ལ་ཉེན་ཁ་མ་བྱུང་བ་དེ་ཡོད་ཚད་ཧྲུའུ་ཅིའི་དྲིན་རེད། ཁོས་དུས་ལྟར་སྨན་འཐུང་དང་ངས་བཀོད་པ་རེ་འཐེན་ཨེ་ཐུབ་ཤུགས་རེས་བྱེད་ཅེས་བཤད་ནི་རེད།

  པད་མ་རྒྱལ་གྱིས་རིག་གསར་ལྟ་བུའི་སྐྱིད་ཀྱི་འཚོ་བ་མི་འདོད་ནད་ཀྱིས་བརླག་པའི་ཁྱིམ་ཚང་མང་བོར་རང་ནུས་ཅི་ལྕོགས་ཀྱིས་རོགས་འདེགས་བྱས་པ་དང་། འཆི་བདག་གི་ཞགས་པས་ཟིན་པའི་ནད་པ་རེ་འགར་དཔའ་སྤོབས་ཀྱིས་ནད་གདོན་དང་འཐབ་པར་སྙིང་ཕུར་བརྡབ་ནས་ཚེ་སྲོག་གཉིས་པ་བསྩལ་ཡོད་ཅེས་བརྗོད་ཀྱང་དོན་ལ་གནས་པར་མངོན།

  པད་མ་རྒྱལ་གྱིས་གཡུ་ལུང་སྡེ་བའི་མང་ཚོགས་ཀྱི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་རང་གི་ཁུར་དུ་བླངས་ཏེ་འབད་འབད་དུང་དུང་བྱས་པས། ད་ལྟ་ཁོ་དང་གཡུ་ལུང་སྡེ་བའི་མང་ཚོགས་ཀྱི་བར་ཐག་ཇེ་ཉེར་སོང་ཡོད་ལ། མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་འཇོག་ཆེན་པོ་ཐོབ་འདུག གཡུ་ལུང་སྡེ་བའི་སྡེ་དཔོན་སྐལ་རྣམ་དང་ཏང་ཡོན་རྒན་པ་གནས་ཆེན་སོགས་གཙོ་བྱས་པའི་མང་ཚོགས་སུ་ཡིན་ཡང་ཁོ་དྲིན་ཆེན་ཡིན་ཞེས་བསྟོད་པའི་མཐེ་བོང་མི་སྒྲེངས་མཁན་གཅིག་ཀྱང་མི་འདུག

གཡུ་ལུང་སྡེ་བའི་ཏང་ཡོན་རྒན་པ་གནས་ཆེན། 

གཡུ་ལུང་སྡེ་བའི་ཏང་ཡོན་རྒན་པ་གནས་ཆེན་གྱིས་པད་མ་རྒྱལ་ལ་གདེང་འཇོག་གྱི་ཚུལ་དུ་བཤད་རྒྱུར།

པད་མ་རྒྱལ་ཟེར་བ་འདི་ཐོག་མ་ཐོན་ནས་ང་ཚོ་རུ་ཆེན་གསུམ་པའི་སྡེ་སྡོད་ལས་བྱེད་བྱས་ནས་ང་ཚོའི་འཚོ་བ་ཡར་ལ་ཇེ་བཟང་དུ་སོང་མེད་ན། མར་ཇེ་ངན་ལ་སོང་ཡོད་ནི་མ་རེད། མི་དྲིན་ཆེན། མི་རླབས་ཆེན་འདི་མོ་ཡིན་ནི་རེད། ངེད་ཚོ་མང་ཚོགས་ལ་ཕན་ཐོགས་ནི་དེ་མོ་ཡིན་ནི་ཨེ་རེད་ཟེར་ན་ཡིན་ནི་རེད། ཅིག་ལ་ཟ་མ་མེད་ན་ཟ་མ། གོན་རྒྱུ་མེད་ན་གོན་རྒྱུ། རྩྭ་ས་གི་སྟེང་ནས་བཤད་ན་རྩྭ་བཏབ། ངེད་ཚོར་དེའི་སྟེང་ནས་ཡོང་འབབ་བཟང་ནི་རེད།

པད་མ་རྒྱལ་ནི་གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན་པས། ལོ་རེ་འགར་མ་གཏོགས་སྡེ་འདིར་སྡོད་མི་སྲིད་ཀྱང་། ཁོས་ཉེ་རིང་ཁྱད་མེད་དུ་སྡེ་བའི་མི་རྣམས་ལ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་འོད་སྟོང་ལྡན་པ་ཞིག་བསྟན་ཡོད་སྟབས། གཡུ་ལུང་སྡེ་བའི་སྡེ་མི་ཚང་མ་འབྱུང་འགྱུར་གྱི་འཚོ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། ཡང་གཅིག་བཤད་ན། ད་ལྟ་ཏང་གི་དབུལ་སྐྱོར་སྲིད་ཇུས་ཧ་ཅང་བཟང་བས། སྡེ་མི་རང་ཉིད་ཀྱིས་ཀྱང་སྙིང་རུས་ཆེན་པོས་འབད་འབུངས་བྱས་ན། དབུལ་ཐར་ཕྱུག་འགྱུར་བྱས་ཏེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་ལ་རོལ་བ་རྨི་ལམ་དང་སྟོང་གཏམ་ཙམ་མ་ཡིན་ལ། གཡུ་ལུང་སྡེ་བའི་སྡེ་མི་ཚང་མས་དུས་ནམ་ཡང་པད་མ་རྒྱལ་དང་ཁོའི་གཡུ་ལུང་སྡེ་བར་བཞག་པའི་བྱས་རྗེས་ཡིད་ལ་དམ་པོར་འཛིན་སྲིད་པ་ཁོ་ཐག་རེད།  

གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་།།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།