འབྲོག་དམངས་གྲོང་ལ་སྤར། གྲོང་ནས་སྐྱིད་ལ་ཁོལ།
2020.08.24 ཁུངས། ཀློག་གྲངས། 552

དབྱར་ཟླ་བདུན་པའི་མགོ་ལོག་རྩྭ་ཐང་ནི་མཁའ་ལ་སྤྲིན་དཀར་གྱི་འདབ་མས་བརྒྱན་ཞིང་། ས་ལ་ཁྲ་ཆིལ་གྱི་མེ་ཏོག་འཛོམས་པ། ཆུ་བོ་དྭངས་ཤིང་གཙང་བ། རི་ལུང་ཐང་གསུམ་ཀུན་ཏུ་ཕྱུགས་དཀར་ནག་གི་ཁྱུ་ཚོགས་ཀྱི་ཕྲ་རྒྱན་བཏབ་པ་སོགས་སྣོད་ཀྱི་བཀོད་པ་དང་བཅུད་ཀྱི་སེམས་ཅན་གང་གི་ཆ་ནས་དཔྱད་ཀྱང་། གླིང་དཀར་སྟོད་ཀྱི་ཕ་ས། གླིང་ས་མཐོང་བ་ཀུན་སྨོན་ཞེས་པའི་ཡུལ་དེ་ཡང་རྨ་ཡུལ་མགོ་ལོག་གི་སའི་ཆ་ལ་འབོད་པ་མ་ཡིན་ནམ་སྙམ་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་འོངས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ས་ཆ་མང་ཆེ་བའི་ཆ་སྙོམས་ཀྱི་ས་བབ་མཐོ་ཞིང་མཁའ་དབུགས་འཁྱགས་གྲང་ཆེ་བ། མིའི་རིགས་འཚོ་སྡོད་ཀྱི་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཞན་པས། རྨ་ཆེན་རྫོང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་མང་ཚོགས་ཀྱི་གནས་སྤོའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་གནས་སྤོར་བཀོད་སྒྲིག་གི་ཆ་རྐྱེན་དང་འཚམ་པའི་དབུལ་ཕོངས་མང་ཚོགས་ཡོངས་གནས་སྤོར་ཐུབ་པར་ཁག་ཐེག་བྱས་ཏེ། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་འཇིག་མེད་གཞིས་ཁྱིམ་སྡེ་ཁུལ་དུ་གནས་སྤོར་བྱས།

འཇིག་མེད་གཞིས་ཁྱིམ་གྱི་བཀོད་པ། 

འཇིག་མེད་གཞིས་ཁྱིམ་ནི་རྫོང་ཡོངས་ཀྱི་ཆེས་ཆེ་བའི་གནས་སྤོར་བཀོད་སྒྲིག་སྡེ་ཁུལ་ཞིག་རེད། ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར། རྨ་ཆེན་རྫོང་གིས་ཆ་སྙོམས་མི་རེར་རྨིད་གྲུ་བཞི་མ་ཉེར་ལྔའི་ཚད་གཞི་ལྟར། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གསུམ་ལྷག་བཏང་ནས་གཅིག་བསྡུས་གནས་སྤོར་སྡེ་ཁུལ་འདི་འཛུགས་སྐྲུན་བྱས་ཤིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་ལྔ་དང་སྟོང་དགུ་བཞི་བརྒྱ་སོ་གཉིས་ལྷག་ཡོད། བརྩེགས་རིམ་ལྔ་ཅན་གྱི་ཁང་ཤར་ཉེར་ལྔ་ལས་ཡོད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པར། ཞང་དང་གྲོང་རྡལ་བདུན་གྱི་སྡེ་བ་ཉེར་གཅིག་གི་ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་བཅུ་དྲུག་གི་མི་གྲངས་སྟོང་གཉིས་དང་དྲུག་བརྒྱ་ལྔ་གནས་སྤོར་བྱས།

སྡེ་ཁུལ་འདིའི་ནང་དུ་འབྱོར་བ་ན་བཀོད་པ་ཁྱད་དུ་མཚར་བའི་ཁང་ཤར་ཉེར་ལྔ་རིམ་པར་བསྟར་ཡོད་པ་དང་། ཁོ་ར་ཁོར་ཡུག་ཡངས་ཤིང་གྲལ་དག་པས་ཡིད་ལ་དགའ་སྣང་ཞིག་ངང་གིས་སྐྱེས་པར་བྱེད། ང་ཚོའི་བཅར་འདྲི་བྱ་ཡུལ་གདུགས་དཀར་རྒྱལ་ཡང་འཇིག་མེད་གཞིས་ཁྱིམ་འདིར་ཡོད་པས་ཐད་ཀར་ཁོ་ཚང་ལ་སོང་བ་ཡིན། གདུགས་དཀར་རྒྱལ་ཚང་གི་སྡོད་ཁང་གསར་བའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ལྔ་བཅུ་ལྷག་ཙམ་ཡོད་པ་དང་། ཁོའི་ཁྱིམ་དུ་ལོ་ན་བརྒྱད་ཅུར་སོན་པའི་ཨ་མ་རྒན་མོ་དང་ཁོ་གཉིས་ལས་མེད། ཁོ་ཚང་གི་ཁྱིམ་དུ་འཛུལ་མ་ཐག་ཁང་བ་དེ་ཅུང་གུ་དོག་པའི་སྣང་བ་ཞིག་སྟེར་མོད། ཁང་བའི་ནང་དུ་དེང་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྒྱན་སྤྲས་བྱས་ཡོད་པ་དང་། ཅ་ལག་ཚང་མ་གྲལ་དག་པར་བསྒྲིག་ཡོད་པས་ཉམས་དགའ་བ་ཞིག་རེད་ལ། ཞིབ་མོར་བསམ་ན་ཁྱིམ་མི་གཉིས་སྡོད་ས་ཞིག་ལ་ཁང་བ་དེ་འདྲའི་ཆུང་རྒྱུའང་མི་འདུག གསར་འགོད་པས་ཨ་མ་རྒན་མོ་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ། ཁོ་མོས་མིག་མཆི་མ་ཤ་ལེར། སེམས་སྨྲེང་བ་ཤོ་ལེར་ལོ་ན་བརྒྱད་ཅུའི་སེམས་ལ་འཆར་ཚུལ་དང་ངག་གིས་འཁྲོལ་ཚོད་ཀྱིས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་སྐད་ཆ་དག་ཡང་ཡང་བཟླས།

ང་རང་ལོ་བཅུ་ནས་ཉི་ཤུའི་བར་ཁྱིམ་ཚང་གཞན་ལ་གཡོགས་བྱས་ནས་བསྡད་པ་ཡིན། རྗེས་སུ་རིམ་བཞིན་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་མགོ་ལ་སྦྲ་དང་སྒོ་ལ་རྒྱུ་འཛོམས་པར་བྱས་པས་ཁྱིམ་མིའི་འཚོ་ཚིས་ལ་དཀའ་ཁག་མེད་པར་གྱུར་སོང་། དེང་སང་ལས་སྐྱིད་ཅིག་ཡོད་པ་མ་རེད། འདི་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་དྲིན་ཡིན་པ་སེམས་སུ་གསལ་བོར་ཡོད་མོད། ད་ལྟ་ལོ་ན་མཐོ་བའི་རྐྱེན་གྱིས་སེམས་སུ་ཅི་དྲན་ངག་ནས་འཁྱོང་དཀའ་མོ་རེད་་་་་་་་།

ཨ་མ་རྒན་མོའི་དེང་རབས་འཚོ་བ།

གདུགས་དཀར་རྒྱལ་ནི་རྟ་བོ་ཡུལ་ཚོ་ཧ་ལུང་འབྲོག་ཨུ་ཁང་གི་རུ་ཆུང་དང་པོའི་མི་ཡིན་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་འཇིག་མེད་གཞིས་ཁྱིམ་དུ་གནས་སྤར་ཏེ་སྲིད་གཞུང་གིས་དབུལ་ཕོངས་ཁྱིམ་ཚང་ལ་བྱིན་པའི་རིན་མེད་སྡོད་ཁང་གསར་བར་འདུག་ཐུབ་པ་བྱུང་། ལོ་དེར་ཁོས་རྟ་བོ་གྲོང་རྡལ་དམངས་སྲིད་ཁང་དུ་སྤྱི་ཕན་ལས་རྐང་ཞིག་རག་ཐུབ་པ་བྱུང་བར་མ་ཟད། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་བར་རོལ། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་རྨ་ཆེན་རྫོང་དབུལ་སྐྱོར་ལས་ཁུངས་ཀྱིས་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དུ་བདམས།

གདུགས་དཀར་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཁང་བའི་ནང་ངོས་ཇུས་འགོད་དང་རྒྱན་སྤྲས་ཚང་མ་ཁོ་རང་ཉིད་ཀྱིས་ཡོངས་འགྲུབ་བྱས་པ་ཡིན་ཟེར། དེ་ལས་ཁོ་ནི་ལས་ལ་བརྩོན་ཞིང་ལག་རྩལ་ལྡན་པའི་ན་གཞོན་འཇོན་ཐང་ཅན་ཞིག་ཡིན་པ་ཤེས་ཐུབ་ལ། ད་ཆ་ཁོས་རང་ཉིད་ཀྱི་འབད་བརྩོན་དང་ནུས་པར་བརྟེན་ནས་ཨ་མ་རྒན་མོའི་ཚེ་མཇུག་གི་འཚོ་བའི་བདེ་སྡུག་དང་དུ་བླངས་ཡོད་པར་མ་ཟད། ཁོ་རང་ཉིད་ཀྱི་མི་ཚེའི་འབྱུང་འགྱུར་ལ་འཆར་འགོད་དང་ལམ་ཐིག་གི་རི་མོ་གསལ་ལེ་བ་ཞིག་བྲིས་དང་འབྲི་བཞིན་ཡོད་པ་མཐོང་ཐུབ། གདུགས་དཀར་རྒྱལ་གྱིས་བཤད་རྒྱུར།

2018ལོར། གཅིག་ནས་ང་རང་སློབ་གྲྭ་ཆེན་མོ་མཐར་ཕྱིན་པ་དང་། གཉིས་སུ་ཨ་མ་དང་ངེད་གཉིས་དབུལ་ཐར་བྱས་བྱུང་། གསུམ་དུ་ངས་རྟ་བོ་ཡུལ་ཚོ་རུ་བྱ་བའི་ལས་རྐང་ཞིག་ཀྱང་རེག་ཐུབ་པ་བྱུང་སོང་བས་ཡོང་འབབ་ཀྱང་གང་ལ་གང་འཚམ་ཞིག་ཡོད་ཀི དེ་མིན་རོགས་སྐྱོར་སྲིད་ཇུས་ཀྱི་སྡོད་ཁང་གསར་བར་ཡང་འདུག་ཐུབ་པ་བྱུང་མོད། འོན་ཀྱང་འཚོ་བ་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་གཏོང་དགོས་པས། རང་ཉིད་ལོ་ན་ཆུང་བའི་དུས་ཚོད་འདི་དམ་འཛིན་གྱིས་ལས་སྒོ་གསར་སྤེལ་གྱི་ཐད་ལའང་འབད་པ་གང་ལེགས་བྱེད་ཀྱིན་ཡོད། ༢༠༡༦ལོར་ང་རང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་མ་ཐག་པའི་ལོར་དེར་ངེད་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གསུམ་ལྷག་ནས་ད་ལྟ་ལོ་རེའི་ཡོང་འབབ་སྒོར་ཁྲི་ལྔ་ནས་ཁྲི་དྲུག་ལྷག་ཙམ་ལ་འཕར་སྣོན་བྱུང་ཡོད། 

རྨ་ཆེན་རྫོང་གིས་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བ་དང་ཟུང་དུ་འབྲེལ་ཏེ། གཅིག་བསྡུས་སྒྲིག་བཀོད་ཀྱི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་བ་དང་། བཀོད་སྒྲིག་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་མ་ལག་འཐུས་ཚང་དུ་གཏོང་བ། དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་དམ་སྲུང་བྱེད་པ། དབུལ་སྐྱོར་དང་འགན་སྲུང་བྱེད་ཐབས་ཁག་གཅིག་གྱུར་འཆར་འགོད་ཀྱིས་གནས་སྤོར་ཁྱིམ་ཚང་ཁྱོན་ཡོངས་ནས་དབུལ་ཐར་བྱེད་པ་དང་། ལས་གནས་བརྟན་སྲུང་དང་ལས་ཀ་གཏན་འཁེལ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། རྗེས་མཐུད་ཐོན་ལས་འཕེལ་རྒྱས་དང་གནས་སྤོའི་ལས་ཞུགས་བྱ་བར་ཤུགས་བསྣན་ནས། དབུལ་པོའི་ཁྱིམ་ཚང་ལ་ལས་ཞུགས་བརྟན་པོ་ཐུབ་པའི་འགན་ལེན་བྱས། དེ་མིན་སྡེ་ཁུལ་དོ་དམ་དང་ཞབས་ཞུར་ཤུགས་བསྣན་ནས་གནས་སྤོའི་མང་ཚོགས་ཀྱི་ཁྱིམ་ཐོ་སྤོ་བ་དང་། སློབ་གྲྭར་འགྲོ་བ། སྨན་པར་བསྟེན་པ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་། གནས་སྤོའི་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་ཁྲིད་སྟོན་བྱས་ཏེ་གང་མགྱོགས་སྒོའི་འཚོ་བ་གསར་བར་ཞུགས་ཐུབ་པར་བྱེད་པ། རྒྱ་ཆེའི་མང་ཚོགས་འགྲོ་སྐྱོད་དཀའ་བ་དང་། གློག་སྤྱོད་དཀའ་བ། སློབ་མ་སློབ་གྲྭར་འགྲོ་དཀའ་བ།  ནད་ལ་བལྟ་དཀའ་བ། འཕྲིན་གཏོང་དཀའ་བ་སོགས་ལ་ཡུན་རིང་ཐག་གཅོད་མ་བྱས་པའི་གནད་དོན་རྙིང་པ་དག་ཡོངས་ཁྱབ་ཏུ་ཐག་གཅོད་བྱས་པ་དང་།  འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཐོབ་པ། དེ་མིན་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་ཡིན་པས་མང་ཚོགས་ཀྱི་འཚོ་བར་ངེས་པ་དོན་གྱི་འགྱུར་ལྡོག་ཆེན་པོ་བྱུང་།

འཚོ་བ་གསར་བའི་རྣམ་པ།

གསར་འགོད་པ། རྟ་མགྲིན་སྐྱབས།

རྩོམ་འྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།