དབུལ་ཐར་ལ་བརྒྱུས་པའི་འབོར་ཆུང་ཡིད་རྟོན་དངུལ་བུན།
2020.08.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 203

དངུལ་རྩའི་གནད་ཕིགས་དབུལ་སྐྱོར་བྱ་བ་མགོ་བརྩམས་པ་ནས་བཟུང་། སྦྲགས་སྲིད་དངུལ་ཁང་མགོ་ལོག་ཡན་ལག་དངུལ་ཁང་གིས་ས་གནས་རིམ་པ་གཉིས་ཀྱི་སྲིད་གཞུང་ལས་ཁུངས་དང་ལྟ་སྐུལ་སྡེ་ཁག གོང་རིམ་སྦྲགས་སྲིད་དངུལ་ཁང་བཅས་ཀྱི་བྱ་བའི་བཀོད་སྒྲིག་དང་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དཀའ་ཁག་ཁྱད་བསལ་གྱིས་ཡིད་རྟོན་དངུལ་བུན་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱས་ནས་མང་ཚོགས་ཀྱི་མ་དངུལ་དཀོན་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད།

དངུལ་རྩའི་དབུལ་སྐྱོར་བྱ་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད། མགོ་ལོག་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་སྐོར་ཐེངས་གཉིས་པའི་སྡེ་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོའི་བྱ་བའི་བཀོད་སྒྲིག་ལྟར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བར་སྦྲགས་སྲིད་དངུལ་ཁང་ཏང་ཨུ་ཡིས་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ཡོད་པའི་སྦྲགས་སྲིད་དངུལ་ཁང་པད་མ་ཡན་ལག་དངུལ་ཁང་གི་འགོ་བ། ཏང་ཡོན་བཀྲ་ཤིས་ནོར་བུ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་གཉན་རྭ་སྡེ་བར་མངག་ནས། དུས་ཡུན་ལོ་གཉིས་དང་ཟླ་བརྒྱད་རིང་སྡེ་སྡོད་དབུལ་སྐྱོར་བྱ་བ་སྤེལ།

བཀྲ་ཤིས་ནོར་བུ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་གཉན་རྭ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་ནོར་བུ་ནི་རྨང་གཉིས་མཉམ་འབྲེལ་རྣམ་པའི་སྲོལ་འབྱེད་མཁན་ཡིན་ཞིང་། ཉིས་སྟོང་བཅུ་གཉིས་ལོ་ནས་བཅུ་གསུམ་ལོའི་བར། མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྔ་གཞུག་ཏུ་སྔོན་ཐོན་ལས་བྱེད་པ་དང་ཕུལ་བྱུང་ཏང་ཡོན་དུ་བདམས་པ་དང་། ཉིས་སྟོང་བཅུ་བདུན་ལོར་སྦྲགས་སྲིད་དངུལ་ཁང་མགོ་ལོག་ཁུལ་ཡན་ལག་དངུལ་ཁང་གི་སྔོན་ཐོན་ལས་བྱེད་མི་སྣ་དང་སྦྲགས་སྲིད་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་ཕུལ་བྱུང་ཕྱིར་འཚོང་འཇོན་མིར་བདམས། དེ་མིན་ཉིས་སྟོང་བཅོ་བརྒྱད་ལོར་སྦྲགས་སྲིད་དངུལ་ཁང་མགོ་ལོག་ཡན་ལག་དངུལ་ཁང་གི་དམིགས་བསལ་བྱས་རྗེས་བྱ་དགའ་ཐོབ་པར་མ་ཟད། རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ཕུལ་བྱུང་ཧྲུའུ་ཅི་དང་པོར་བདམས།

གཉན་རྭ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་ནོར་བུ་ཡིས་བཤད་རྒྱུར།

༼ཐོག་མར་མང་ཚོགས་ཀྱི་ཁྲོད་སུ་སོང་ནས་མང་ཚོགས་ཚང་མར་དངུལ་བུན་གྱི་དགོས་མཁོ་ཡོད་མེད་དང་ལེན་པའི་བསམ་པ་ཡོད་མེད་དྲིས་ཚེ། མང་ཚོགས་དེའི་བསམ་པ་ཡོད་ཀི འོན་ཀྱང་མང་ཚོགས་ཀྱིས་དངུལ་བུན་ལེན་མི་ཤེས་པ་དང་དངུལ་རྩའི་ཤེས་བྱར་ཆ་རྒྱུས་ཧ་ཅང་ཞན་པ་རེད། སྔོན་ཆད་སྦྲགས་སྲིད་དངུལ་ཁང་གིས་མ་དངུལ་སྟེར་སྐབས་ཀྱི་འགྲིག་ལམ་ལྟར་ན། ཡང་མིན་ན་མང་ཚོགས་ཡར་དངུལ་ཁང་དུ་ཡོང་དགོས་པ་དང་། ཡང་མིན་ན་དངུལ་ཁང་གི་མི་ཁྱིམ་ཚང་དུ་སོང་ནས་ཆ་རྐྱེན་སོགས་ལ་ལེགས་པར་བལྟ་དགོས་པས་ཕན་ཚུན་སུ་ཡིན་ཡང་དཀའ་ཁག་ཆེ་ཀི མང་ཚོགས་དང་དངུལ་ཁང་གི་དཀའ་ཁག་སེལ་བའི་ཆེད་དུ། ངས་བསམ་བློ་ཡང་ཡང་བཏང་ནས་རྟ་བོ་ཞོལ་མ་ཡུལ་ཚོ་ནས་གཞི་གཉིས་མཉམ་འབྲེལ་གཞུང་སྒྲུབ་ཁང་གསར་འཛུགས་བྱས། ༽

བཀྲ་ཤིས་ནོར་བུ་ནི་འབོར་ཆུང་ཡིད་རྟོན་དངུལ་བུན་སྟེར་བའི་ཐབས་ཀྱིས་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱེད་པའི་སྦྲགས་སྲིད་དངུལ་ཁང་གི་འགན་ལེན་པ་ཞིག་ཡིན་པ་དང་། ཁོས་སྡོད་ཁུལ་ལ་ཞབས་འདེགས་ཞུ་བ་དང་ཁེ་ལས་ཆུང་འབྲིང་ལ་ཞབས་འདེགས་ཞུ་བ། ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་སྦྲགས་སྲིད་དངུལ་ཁང་གི་འཐབ་ཇུས་དམིགས་འབེན་རྒྱུན་འཁྱོངས་བྱས་འོག་རྨ་ཆེན་རྫོང་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་ནས་རྨང་གཉིས་མཉམ་འབྲེལ་གཞུང་སྒྲུབ་ཁང་བཙུགས་ཏེ། དབུལ་ཕོངས་མང་ཚོགས་དག་ལ་འགྲོ་ལུགས་སྟབས་བདེ་ཡིན་པ་དང་སྐྱེད་ཀ་མེད་པའི་དངུལ་བུན་འདོན་སྤྲོད་བྱས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་།

གཉན་རྭ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་ནོར་བུ་ཡིས་བཤད་རྒྱུར།

༼ ང་ཚོས་དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་ཏང་ཡོན་གྱིས་སྣེ་ཁྲིད་དེ་གཉན་རྭ་སྡེ་བའི་ཁྱིམ་ཚང་ཉེར་བཞི་ཡིས་དངུལ་བུན་ལེན་རྒྱུ་ཡར་ཞུ་བྱས། ཉིས་སྟོང་བཅོ་བརྒྱད་ལོར་ཁྱིམ་ཚང་ཉེར་བཞིར་དངུལ་བུན་འབུམ་དགུ་ཙམ་བྱིན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པར་དངུལ་བུན་ཚང་མ་ཕྱིར་སྤྲད་པར་མ་ཟད་ཁེ་ཕན་ཡང་ཐོབ་ཡོད་པས། ཉིས་སྟོང་བཅུ་དགུ་ལོར་གཉན་རྭ་སྡེ་བའི་ཁྱིམ་ཚང་ང་བཞི་ཡིས་སྙན་ཞུ་བྱས་ཏེ། དངུལ་བུན་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བདུན་ལྷག་བྱིན། གཞི་གཉིས་མཉམ་འབྲེལ་ལས་རྨ་ཆེན་རྫོང་ཡོངས་ནས་ཁྱིམ་ཚང་བརྒྱད་བརྒྱ་ལྷག་ལ་ཕལ་ཆེར་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་ཁྲི་ལྔ་ལྷག་གི་དངུལ་བུན་བྱིན་ཡོད། འབོར་ཆུང་དབུལ་སྐྱོར་མ་དངུལ་བླངས་ན་གཅིག་ནས་མང་ཚོགས་ལ་ཕན་པ་ཡོད། གཉིས་ནས་དངུལ་བུན་གྱི་སྐྱེད་ཀ་ནོར་སྲིད་རིམ་པས་སྟེར་བ་ཡིན་པས། མང་ཚོགས་ལ་དངུལ་བུན་བླངས་ཏེ་བཀོལ་སྤྱོད་བྱས་ནས་རང་གི་ཡོང་འབབ་ཇེ་མཐོར་གཏོང་རྒྱུ་མ་གཏོགས་འགྲོ་སྒོ་གཏན་ནས་མེད། ༽

འབོར་ཆུང་ཡིད་རྟོན་དངུལ་བུན་སྟེར་བའི་ཐབས་ལམ་དེས་དབུལ་ཕོངས་མང་ཚོགས་ཀྱི་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་དང་དབུལ་ཕོངས་ལས་ཐར་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

གཉན་རྭ་སྡེ་བའི་སྡེ་མི་དཔལ་མགོན་སྐྱབས་ཀྱིས་བཤད་རྒྱུར།

༼འབོར་ཆུང་དངུལ་བུན་འདིར་མཚོན་ན། དབུལ་ཕོངས་ཁྱིམ་ཚང་གང་མང་མང་ཞིག་ལ་ཕན་ཁེ་བསྐྲུན་ཡོད། ཐད་ཀར་དངུལ་ཁང་ལ་འགྲོ་མི་དགོས་པ་དང་། དངུལ་ཁང་གི་མི་སྡེ་བའི་ནང་མར་ཡོང་ནས་སྟབས་བདེ་ཆེན་པོ་བསྐྲུན་ཡོད། དེར་བར་འདུག་མི་སྣ་དང་དངུལ་བུན་གྱི་སྐྱེད་ཀ་མི་དགོས་པས་ཧ་ཅང་སྟབས་བདེ་བ་ཞིག་རེད།༽

གཉན་རྭ་སྡེ་བའི་སྡེ་མི་དཔལ་མགོན་སྐྱབས་ཀྱིས་མུ་མཐུད་དུ་བཤད་རྒྱུར།

༼དབུལ་སྐྱོར་གྱི་དངུལ་བུན་འཇོག་པ་འདིར་མཚོན་ན། ང་ཚོ་སྡེ་བའི་ནང་སྦྲགས་སྲིད་དངུལ་ཁང་གི་བཀྲ་ཤིས་ནོར་བུ་ཧྲུའུ་ཅི་དང་པོར་ཡོང་ནས། དངུལ་བུན་བཞག་ན་ཕན་ཁེ་ཡོད་ཚུལ་དྲིལ་བསྒྲགས་བྱས། ཐོག་དང་པོར་དངུལ་བུན་ལེན་དུས་ཕྱིར་སྟེར་ཐུབ་མིན་ལ་འདང་བརྒྱག་ཅུང་ཙམ་ཡོད་ཀྱང་། སྲིད་གཞུང་གིས་འདི་ལྟར་རོགས་སྐྱོར་བྱས་ན་རང་ཉིད་ཀྱིས་ཀྱང་ཤུགས་རེས་བྱས་ན་སྐྱོན་ཡོད་རྒྱུ་མ་རེད་བསམ་ནས། ཐེངས་དང་པོར་སྒོར་ཁྲི་གསུམ་བླངས་ཏེ་འབྲི་ཉོས་པ་ཡིན། འཕེལ་ཁ་མ་བཤད་ཀྱང་མར་ཆུར་སོགས་ཀྱི་ཕྱོགས་ནས་ཀྱང་ཕན་ཁེ་མང་བོ་བསྐྲུན་ཐལ། ཐེངས་གཉིས་པར་འདིར་ཕན་ཁེ་ཡོད་ཀི་བསམ་ནས། ཁྲི་གཅིག་གིས་ཇེ་མང་དུ་བཏང་ནས། སྒོར་ཁྲི་བཞི་བླངས་པ་ཡིན། དེ་ལས་ཕྱེད་ཙམ་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་ལ་མ་རྐང་དུ་བཞག ཕྱེད་ཀྱིས་རང་ཁྱིམ་ལ་འབྲི་འགའ་ཉོས་པ་ཡིན། ད་སྐབས་ལྟོ་རྒྱབ་སོགས་ལ་སེམས་ཁུར་མེད་པའི་ཁར་སྟབས་བདེ་བསྐྲུན་ཡོད། ༽

སྦྲགས་སྲིད་དངུལ་ཁང་མགོ་ལོག་ཡན་ལག་དངུལ་ཁང་གི་འགོ་བ་ཅཱ་ཞིན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

སྦྲགས་སྲིད་དངུལ་ཁང་མགོ་ལོག་ཡན་ལག་དངུལ་ཁང་གི་འགོ་བ་ཅཱ་ཞིན་གྱིས་མཇུག་མཐར་བཤད་རྒྱུར། རྗེས་ཕྱོགས་ངེད་དངུལ་ཁང་གིས་དབུལ་ཐར་བྱས་ཀྱང་སྲིད་ཇུས་ལྷོད་ཡངས་སུ་མི་གཏོང་བའི་འབྲེལ་ཡོད་རེ་བ་ལྟར་དུ། རང་རེའི་དངུལ་ཁང་གི་རྨང་གཉིས་མཉམ་འབྲེལ་གྱི་མཉམ་ལས་དངུལ་བསྐྱིའི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ་དང་། རྨང་གཉིས་མཉམ་འབྲེལ་གྱི་མཉམ་ལས་དངུལ་བསྐྱི་བྱ་བ་སྤེལ་བའི་ཤུགས་རྐྱེན་བཟང་བོ་དང་དོན་སྙིང་ཟབ་མོར་ངོས་འཛིན་གང་ལེགས་བྱས་ཏེ། རྨང་གཉིས་མཉམ་འབྲེལ་གྱི་མཉམ་ལས་དངུལ་བསྐྱིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དངུལ་རྩའི་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།

རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོའི་གཉན་རྭ་སྡེ་བར་འབོར་ཆུང་ཡིད་རྟོན་དངུལ་བུན་སྡེ་བ་དང་ཡིད་རྟོན་དངུལ་བུན་ཁྱིམ་ཚང་གི་སྒོ་བྱང་འགེལ་བའི་མཛད་སྒོ།

མང་ཚོགས་ལ་འབོར་ཆུང་ཡིད་རྟོན་དངུལ་བུན་སྟེར་བའི་ཡུལ་དངོས་རྣམ་པ། 


གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།