མགོ་ལོག་ཁུལ་པད་མ་རྫོང་གིས་དབུལ་སྐྱོར་ཁེ་ལས་དག་གི་ཐོན་རྫས་བྲིན་པ་དང་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་གཏོང་བ་དམིགས་ཡུལ་དུ་བྱས་ཏེ། ཉིས་སྟོང་བཅུ་དགུའི་ལོར་གློག་རྡུལ་ཚོང་དོན་སྤྱི་སྟེགས་ཤིག་བསྒྲུབས་པ་དང་པད་མ་རྫོང་གི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་དྲ་ཐོག་ནས་ཕྱིར་འཚོང་བྱས་པས། འཛད་སྤྱོད་པ་དག་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པར་མ་ཟད། པད་མ་རྫོང་གི་མིང་གྲགས་ཀྱང་ཇེ་ཆེར་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
པད་མའི་གངས་ལྗོངས་བོད་ཇའི་འགྲེམ་སྟོན་སྟེགས་བུ།
རྒྱུས་ལོན་བྱུང་བ་ལྟར་ན། གློག་རྡུལ་ཚོང་དོན་སྤྱི་སྟེགས་དེ་ནི་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་མཛུབ་སྟོན་འོག་ཏུ། ཀྲུང་གོའི་འབྲེལ་འཕྲིན་པད་མ་ཡན་ལག་ཀུང་ཟིས་ཟླ་འགའི་དུས་ཚོད་བེད་སྤྱད་དེ་གསར་སྤེལ་དང་། ཇུས་འགོད། ལེགས་སྒྲིག དྲ་ཐོག་གི་ཚབ་བྱེད་ཚོང་ཁང་གི་ཚོད་ལྟ་སོགས་ལས་རིམ་མང་བོ་བརྒྱུད་ནས་གསར་འཛུགས་བྱས་ནས་དྲ་ཐོག་གི་ཚོང་གཉེར་སྤེལ་མགོ་བརྩམས་པར་མ་ཟད། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་བྱས། སྤྱི་སྟེགས་དེའི་འོག་ཏུ་ཡུལ་ཚོ་རིམ་པའི་གློག་རྡུལ་ཚོང་དོན་ལྟེ་གནས་བཞི་བཙུགས་ཡོད་པ་རེད།
གློག་རྡུལ་ཚོང་དོན་སྤྱི་སྟེགས་ཚོང་གཉེར་ཁང་གི་ལས་བཟོ་བ་སངས་རྒྱས་མཚོ་ཡིས་མཚམས་སྦྱོར་བྱས་དོན།
༼པད་མ་རྫོང་གློག་རྡུལ་ཚོང་དོན་སྤྱི་སྟེགས་འདི་ནི་པད་མ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཀྲུང་གོའི་འབྲེལ་འཕྲིན་པད་མ་ཡན་ལག་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་དྲ་སྟེང་ནས་ཚོང་གཉེར་བྱེད་པའི་མགོ་དངོས་སུ་བརྩམས་པ་ཡིན། སྤྱི་སྟེགས་འདིའི་སྟེང་ཚོང་གཉེར་བྱེད་པའི་དབུལ་སྐྱོར་ཁེ་ལས་བཅུ་ཡོད་པ་དང་། དེའི་ནང་ཐོན་རྫས་གཙོ་བོ་ནི་བོད་ཇ་དང་། རྫ་ནག ལུག་གྲོད་ཤ་མོ། ཤ་སྐམ། བོད་སྤོས་སོགས་ཐོན་རྫས་བརྒྱད་ཅུ་གྱ་གསུམ་ལྷག་ཡོད། ན་ནིང་ལོ་མཇུག་བར་དུ། སྤྱི་སྟེགས་སྟེང་ནས་ཕྱིར་འཚོང་བྱས་པའི་ཐོན་རྫས་དག་གི་ཡོང་འབབ་སྒོར་འབུམ་ལྔ་དང་ཁྲི་དྲུག་ལྷག་ཡོད། ༽
གློག་རྡུལ་ཚོང་དོན་སྤྱི་སྟེགས་ཀྱི་ཞབས་ཞུའི་བྱེད་ནུས་ལ་གློག་རྡུལ་ཚོང་དོན་གྱི་སྲིད་ཇུས་བློ་འདྲི་དང་། གློག་རྡུལ་ཚོང་དོན་གྱི་ཤེས་བྱའི་གསོ་སྦྱོང་། སྟེགས་བུའི་སྦྲེལ་མཐུད། སྤུས་ལེགས་ཐོན་རྫས་ཀྱི་ཕྱིར་འཚོང་སོགས་འདུས་ཡོད། དབུལ་སྐྱོར་ཁེ་ལས་དང་གློག་རྡུལ་ཚོང་དོན་ཁེ་ལས་ལ་ཆེད་ལས་ཀྱི་སྟེགས་བུ་འདོན་སྤྲོད་བྱེད་ཆེད། བྱ་བའི་ཁོར་ཡུག་དང་ལས་སྐྲུན་ཁོར་ཡུག་བཟང་བོ་གསར་བསྐྲུན་བྱས་ནས། གློག་རྡུལ་ཚོང་དོན་གཉེར་མཁན་དང་ཁེ་ལས་ལ་ཆེད་དོན་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།
པད་མ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཀྲ་ཤིས་ཀྱིས་བཤད་རྒྱུར།
༼པད་མ་རྫོང་ལ་མཚོན་ན། ས་གནས་རང་བཞིན་གྱི་དབུལ་སྐྱོར་ཁེ་ལས་གང་མང་ཞིག་ཡོད། དཔེར་ན། པད་མའི་བོད་ཇ་དང་རྫ་ནག བོད་སྤོས་སོགས་ཡོད། རྫོང་ཏང་ཨུ་དང་སྲིད་གཞུང་། དབུལ་སྐྱོར་ལས་ཁུངས་སོགས་ཀྱིས་ཐོན་རྫས་འདི་དག་ཕྱིར་འཚོང་བྱེད་པར་རོགས་རམ་བྱས་ནས། ཉིས་སྟོང་བཅུ་དགུ་ལོར་གློག་རྡུལ་ཚོང་དོན་སྤྱི་སྟེགས་འདི་བཙུགས་ནི་རེད། སྤྱི་སྟེགས་འདི་བརྒྱུད་དེ་དྲ་ཐོག་ནས་ཐོན་རྫས་ཕྱིར་འཚོང་བྱས་ན། དགེ་མཚན་གང་མང་ཡོད་ཀི གཅིག་ནས་ཁྱབ་རྒྱ་ཆེ་བ་དང་། གཉིས་ནས་སྟོབས་བདེ་རེད། གསུམ་ནས་ཡོང་འབབ་བཟང་གི སྤྱི་སྟེགས་འདི་ནས་ཕྱིར་འཚོང་བྱེད་པའི་ཐོན་རྫས་ཚང་མ་ས་གནས་དབུལ་ཕོངས་མང་ཚོགས་ཀྱིས་དངོས་སུ་ཐོན་སྐྱེད་བྱས་པ་རེད། ང་ཚོས་ཐོན་རྫས་ཀྱི་ཕྱིར་འཚོང་ཐད་རོགས་རམ་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་ཇེ་བཟང་དུ་གཏོང་གི་ཡོད། མང་ཚོགས་ཀྱི་འཚོ་བ་ཕྱོགས་གང་ཅིའི་ཐད་ནས་ཇེ་བཟང་དུ་འགྲོ་གི་ཡོད།༽
དྲ་ཐོག་ནས་ཉོ་ཚོང་བྱེད་པ་དེ་དེང་རབས་མི་ཡི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། མི་ཚང་མ་དྲ་ཐོག་གི་ཞབས་ཞུའི་དགེ་མཚན་ལོངས་སུ་སྤྱོད་པར་གོམས་ལོབས་སུ་སོང་ཡོད་སྟབས། པད་མ་རྫོང་གིས་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་དེ་འདྲར་དམིགས་ཏེ་སྤྱི་སྟེགས་འདི་བཙུགས་པ་རེད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་འཛད་སྤྱོད་མཁན་དག་ལ་ཞབས་ཞུ་བསྒྲུབ་པ་དང་། ཞོར་དུ་དབུལ་ཕོངས་མང་ཚོགས་དང་དབུལ་སྐྱོར་ཁེ་ལས་ཀྱི་ཡོང་འབབ་བརྩོན་ལེན་བྱེད་པ་རང་འགན་དུ་བྱས་པའི་ཚོང་དོན་སྤྱི་སྟེགས་འདིར་རང་གི་རྩ་དོན་དང་སྒྲིག་སྲོལ་འཐུས་སྒོ་ཚང་བ་ཞིག་ཡོད་པ་རེད། ཚོང་དོན་སྤྱི་སྟེགས་དེའི་ཐོན་རྫས་ཇི་ལྟར་ཉོ་ཚོང་བྱེད་པ་དང་ཇི་ལྟར་བསྐུར་ལེན་བྱེད་པའི་ཐད་ནས་གློག་རྡུལ་ཚོང་དོན་སྤྱི་སྟེགས་ཚོང་གཉེར་ཁང་གི་ལས་བཟོ་བ་སངས་རྒྱས་མཚོ་ཡིས་བཤད་རྒྱུར།
༼སྤྱི་སྟེགས་འདིའི་སྟེང་དུ་འཛད་སྤྱོད་བྱེད་དགོས་ན། ཐོག་མར་སྤྱི་སྟེགས་འདིར་དོ་ཁུར་བྱེད་དགོས། སྤྱི་སྟེགས་ནང་དུ་སོང་ན། ཐོན་རྫས་དག་གི་འདྲ་པར་དང་རིན་གོང་། ཐོན་ཁུངས་སོགས་གསལ་བོར་མཐོང་ཐུབ། དེ་ནས་འཛད་སྤྱོད་པ་དག་གིས་རང་གི་དགོས་མཁོ་ལྟར་འདི་ལས་ཐོན་རྫས་ཉོས་ཆོག ཐོན་རྫས་ཉོས་རྗེས་ང་ཚོས་རྫོང་སྦྲགས་སྲིད་བར་འབྲེལ་བ་བྱས་ནས་ཐོན་རྫས་སྐུར་ལེན་བྱེད་བཞིན་ཡོད། ༽
མགོ་ལོག་ཁུལ་པད་མ་རྫོང་གི་ཁྱད་ལྡན་ཐོན་རྫས་སྣ་ཚོགས།
གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།