མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དྷི་མདའ་ཡུལ་ཚོ་ཡོ་སྟག་སྡེ་བ་ནི་པད་མ་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་བདུན་ཅུ་ཙམ་གྱི་མཚམས་སུ་གདོད་མའི་ནགས་ཚལ་གྱི་བང་རིམ་དབུས་ན་རྔམ་བརྗིད་ཀྱིས་ཆགས་ཡོད། སྡེ་བ་དེར་འབྱོར་བ་ན་བརྩེགས་རིམ་གསུམ་ཅན་གྱི་རྡོ་མཁར་དག་གིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་ཅིང་། བཤད་རྒྱུན་ལ་སྡེ་བ་དེར་སྔོན་ཆད་དམར་དམར་ཞག་བཞུགས་གནང་མྱོང་བའི་ཁང་བ་མང་བོ་རྟེན་མཛོད་ཁང་གི་ཚུལ་དུ་ཉར་འཇོག་བྱས་ཡོད་ཟེར། སྡེ་བ་དེ་ནི་སྔོན་ཆད་ཞིང་ཕྱུགས་ཉིས་འཛོམས་ཀྱི་ཡུལ་ཞིག་ཡིན་ཡང་། ད་ལྟ་རྩྭ་ས་དང་ནགས་ཁུལ་ལ་སྲུང་སྐྱོབ་བྱེད་པ་དམིགས་སུ་བཟུང་སྟེ་ཕྱུགས་བསྐྱུར་ནས། ནས་ནག་འདེབས་པའི་ཞོར་དུ་ལུག་གྲོད་ཤ་མོ་དང་སྔོ་ཚལ་སྣ་ཚོགས་འདེབས་འཛུགས་བྱས་ཏེ། དབུལ་ཐར་ཕྱུག་འགྱུར་གྱི་འཚོ་བ་གསར་བའི་ལམ་ན་དགའ་སྐྱིད་ཀྱིས་བགྲོད་བཞིན་ཡོད།
ཡོ་སྟག་སྡེ་བའི་ཧྲུའུ་ཅི་ཨ་ཛི་དགའ་ཐར་གྱིས་བཤད་རྒྱུར།
༼ང་ཚོའི་ནས་ནག་ལ་མཚོན་ན། བསྡོམས་པས་ནས་ནག་བཏབ་ཚད་མུའུ་སུམ་བརྒྱ་ལྷག་ཡོད། ད་ལོར་ནས་ནག་སྐྱེས་པ་ཧ་ཅང་བཟང་གི ལོ་མཇུག་ལ་ངེད་ཚོ་སྡེ་བར་ཡོང་སྒོ་དགའ་འོས་པ་ཞིག་ཐོབ་རྒྱུ་རེད་བསམ་གི ང་ཚོ་སྡེ་བས་དབུལ་ཐར་ཕྱུག་འགྱུར་གྱི་ཕྱོགས་གང་ཅིའི་ཐད་ལ་ཤུགས་རེས་འབད་པ་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་སོགས་ཕྱོགས་གང་ཐད་ནས་རོགས་རམ་རྒྱབ་སྐྱོར་ཧ་ཅང་མང་གི རྫོང་དང་ཡུལ་ཚོའི་རོགས་སྐྱོར་གང་མང་ཐོབ་ཡོད། ངེད་ཚོ་རང་ཉིད་ཀྱིས་ཀྱང་རྒྱལ་ཁབ་ཁོ་ནར་བརྟེན་མི་རུང་། ངལ་རྩོལ་སོགས་ཀྱི་ཐད་ནས་ང་ཚོས་འབད་པ་བྱས་ཏེ། དབུལ་ཐར་དང་ཕྱིན་ཆད་ཕྱུག་པོར་འགྱུར་བ། འཚོ་བ་ཡག་པོ་ཞིག་རོལ་ཐུབ་པའི་ཕྱོགས་ལ་ང་ཚོས་ཤུགས་རེས་དང་འབད་པ་བྱེད་རྒྱུའི་རེ་བ་དང་དམ་བཅའ་ཡོད།༽
སྔོན་ཆད་བཟའ་བར་རུང་བའི་མངར་ལྡན་ཤ་མོ་དང་གསེར་ཁབ་ཤ་མོ། སྤྲེའུ་མགོ་ཤ་མོ་སོགས་ཤ་མོའི་རིགས་མང་བོའི་མིང་ཐོས་མྱོང་ཡོད་ཀྱང་། ལུག་གྲོད་ཤ་མོ་ཞེས་པ་ཐོས་ཤིང་མཐོང་བ་ད་ཐེངས་ཁོ་ན་ཙམ་ཡིན།
ལུག་གྲོད་ཤ་མོ།
དབུལ་ཐར་ཕྱུག་འགྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མང་ཚོགས་ཕྱུག་པོར་འགྱུར་དུ་འཇུག་པར། ཐོན་ལས་ནི་མེད་དུ་མི་རུང་བའི་གཞི་རྩའི་རྒྱབ་བརྟེན་ཡིན། ཡོ་སྟག་སྡེ་བ་དེ་གདོད་མའི་ནགས་ཚལ་གྱི་ཉེ་སར་ཆགས་ཡོད་ཅིང་། ཐུན་མིན་གྱི་ནམ་ཟླ་དང་ས་གཤིས། ཆུ་སྤུས་བཅས་ཀྱི་ཆ་རྐྱེན་དབང་གིས་ཉེ་འཁོར་གྱི་སྡོད་མའི་ནགས་ཚལ་དུ་རི་སྐྱེས་ལུག་གྲོད་ཤ་མོ་མི་ཉུང་བ་སྐྱེས་ཡོད། རྫོང་ཏང་ཨུ་དང་སྲིད་གཞུང་གིས་གནས་ཚུལ་དེ་རྒྱུས་ལོན་བྱས་རྗེས། དྲོད་ཁང་དུ་ལུག་གྲོད་ཤ་མོ་འདེབས་འཛུགས་བྱེད་པའི་འདོད་ཚུལ་བྱུང་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ལུག་གྲོད་ཤ་མོ་ལ་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་ཡང་སྐྱེས་སའི་ཁོར་ཡུག་གི་དྲོད་དང་བརླན་གཤེར་ལ་རེ་བ་ཁྱད་པར་ཅན་ཡོད་པ་རེད། ལུག་གྲོད་ཤ་མོའི་འདེབས་འཛུགས་ལེགས་འགྲུབ་འབྱུང་ཆེད་ཡུལ་ཚོ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་སོགས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཐེངས་མང་བོར་ཡུལ་དངོས་ནས་རྟོག་དཔྱོད་མཛུབ་སྟོན་བྱེད་དུ་བཅུག་སྟེ། ལུག་གྲོད་ཤ་མོ་འདེབས་འཛུགས་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་རེད།
ཡོ་སྟག་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལུག་གྲོད་ཤ་མོའི་འདེབས་འཛུགས་རྟེན་གཞི་ནི་ཉིས་སྟོང་བཅོ་བརྒྱད་ལོར་སྤྱིའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་ནས་བཙུགས་པ་དང་། དྲོད་ཁང་ལྔ་དང་གསོ་སྤེལ་ཁང་གཅིག་བཅས་བསྡོམས་པས་སྤྱིའི་ས་ཞིང་རྒྱ་ཁྱོན་ལ་མུའུ་བདུན་ཡོད། ཉིས་སྟོང་བཅུ་དགུའི་ལོར་ལུག་གྲོད་ཤ་མོ་རྒྱ་མ་ཞེ་བཞིའི་ཡོང་འབབ་ཡོད་པ་དང་། དེའི་ཞོར་དུ་སི་ཕན་དང་ལྡུམ་སྒོང་། རྡོ་ལི་མ་སོགས་སྔོ་ཚལ་རྒྱ་མ་བརྒྱད་བརྒྱ་ལྷག་ཐོན་ཡོད་ལ། དབུལ་ཕོངས་མང་ཚོགས་ཁྱིམ་རེར་སྒོར་མོ་སྟོང་གསུམ་དང་བདུན་བརྒྱ་བརྒྱད་ཅུ་ལྷག་གི་ཡོང་འབབ་ཐོབ་ཡོད།
ཡོ་སྟག་སྡེ་བའི་ལུག་གྲོད་ཤ་མོ་འདེབས་སའི་དྲོད་ཁང་།
ཡོ་སྟག་སྡེ་བའི་ཧྲུའུ་ཅི་ཨ་ཛི་དགའ་ཐར་གྱིས་བཤད་རྒྱུར།
༼ངེད་ཚོའི་ལུག་གྲོད་ཤ་མོའི་འདེབས་འཛུགས་ཐད་རྒྱལ་ཁབ་ཀྱིས་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔའི་རོགས་སྐྱོར་བྱས་ཏེ། འདེབས་འཛུགས་ར་བ་འདི་སྒྲུབས་པ་ཡིན། དེའི་ནང་ངེད་སྡེ་བས་བསྡོམས་པས་སྒོ་ཁྲི་གསུམ་ལྷག་གི་མ་རྐང་བཞག་ཡོད། དབུལ་ཕོངས་ཁྱིམ་ཚང་དོན་གཉིས་དང་མི་གྲངས་བཞི་བརྒྱ་ཉེར་གསུམ་འདིའི་ནང་ཞུགས་ཡོད། ལུག་གྲོད་ཤ་མོ་དང་སྔོ་ཚལ་གྱི་རིགས་འདྲ་མིན་སྣ་ཚོགས་འདེབས་འཛུགས་བྱས་ཡོད། མ་འོངས་པ་ང་ཚོ་སྡེ་བའི་ཡོང་སྒོ་གཙོ་བོ་ལུག་གྲོད་ཤ་མོ་དང་སྔོ་ཚལ་འདེབས་འཛུགས་བྱེད་པ་འདིར་བརྟེན་ནས། ཁ་ཕྱོགས་གཙོ་བོ་ཞིང་ལས་མཉམ་ལས་ཡིན།
ངེད་ཚོའི་ལུག་གྲོད་ཤ་མོའི་འདེབས་འཛུགས་ར་བ་འདིར་མུའུ་བཞི་དང་གྲངས་ཆུང་གཉིས་ཡོད། ང་ཚོ་སྡེ་བའི་བརྒྱ་ཆའི་གོ་དགུ་མཉམ་ལས་ཁང་ནང་ཞུགས་ཡོད། ན་ནིང་ང་ཚོས་བྱ་བའི་མགོ་བཟུང་བ་ཡིན་པས། འདེབས་འཛུགས་ལག་རྩལ་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ཁག་ཆེ་ཞིང་ཉམས་མྱོང་ཆེར་མེད་པས། བགོ་བཤའ་ཉུང་ཙམ་ལས་མང་བོ་མི་འདུག ད་ལོར་མཚོན་ན་ལུག་གྲོད་ཤ་མོའི་འདེབས་འཛུགས་དང་ལུད་རྫས་འཇོག་ཚུལ། དྲོད་གཤེར་གྱི་ཚད་སོགས་ཐད་ཀྱི་མང་ཚོགས་ཀྱི་ལག་རྩལ་ཅུང་ཇེ་མཐོར་སོང་ཡོད་སྟབས། ད་ལོའི་ལོ་མཇུག་ཏུ་བགོ་བཤའ་ངེས་ཅན་ཞིག་ཐོབ་སྲིད་པ་བརྒྱ་ཆའི་བརྒྱ་རེད།༽
བོད་ཇའི་འདེབས་འཛུགས་རྟེན་གཞིར་རྩྭ་ལྡུམ་གཙང་སེལ་བྱེད་བཞིན་པ།
གཞན་ཡང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ལས་བྱེད་པས་ལོ་མང་བོའི་རིང་ལ་མཛུབ་སྟོན་བྱས་འོག ཡོ་སྟག་སྡེ་བས་དབུལ་ཕོངས་མང་ཚོགས་རྩ་འཛུགས་བྱས་ཏེ་བོད་ཇའི་འདེབས་འཛུགས་རྟེན་གཞིར་བདག་གཉེར་དོ་དམ་བྱས་པར་ཡང་གྲུབ་འབྲས་དགའ་འོས་པ་ཐོབ་ཡོད། ཡོ་སྟག་སྡེ་བའི་བོད་ཇའི་འདེབས་འཛུགས་རྟེན་གཞིར་བསྡོམས་པས་མུའུ་དྲུག་བརྒྱ་བདུན་ཅུ་ཡོད། ཉིས་སྟོང་བཅུ་དགུ་ལོར་བསྡོམས་པས་སྒོར་འབུམ་ལྔ་དང་ཁྲི་གསུམ་སྟོང་བརྒྱད་དྲུག་བརྒྱ་ཉི་ཤུའི་ཡོང་འབབ་ཐོབ་ཡོད། གཞན་ཡང་གུར་གུམ་སོགས་རྩྭ་སྨན་གྱི་རིགས་ཀྱང་འདེབས་འཛུགས་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་ཡོད།
ཉིས་སྟོང་བཅུ་དགུའི་ལོར་གུར་གུམ་འདེབས་འཛུགས་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་།
ཡོ་སྟག་སྡེ་བས་ཁྱད་ལྡན་ཐོན་ལ་བརྟེན་ནས་སྡེ་བའི་དབུལ་ཕོངས་མང་ཚོགས་ཕྱུག་འགྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། ཐོན་ལས་ཀྱི་ཕན་འབྲས་ལོ་རེ་ལས་ལོ་རེར་ཇེ་བཟང་ཡིན་པས་ཁོ་ཚོ་སྡེ་བའི་ཕྱུག་འགྱུར་གྱི་རྨི་ལམ་འགྲུབ་པར་ཡང་དུས་ཚོད་རིང་བོ་འགོར་མི་སྲིད།
དྲོད་ཁང་གི་ལས་ཀ་དང་ཡོང་འབབ།
གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།