མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ལྕགས་རི་ཡུལ་ཚོ་སྒ་རུ་མ་སྡེ་བའི་ཕྱག་རྡོར་སྐྱབས་ནི་བདེ་སྐྱིད་ཀྱི་འཚོ་བ་གསར་བར་རེ་སྨོན་འཆའ་ཞིང་། ཕྱུག་འགྱུར་གྱི་ལམ་ལ་རྩེ་གཅིག་ཏུ་གཞོལ་བའི་བརྩོན་སེམས་ཆེ་བའི་སྐྱེས་བུ་དར་མ་ཞིག་ཡིན་པ་དང་། ལྷན་སྐྱེས་སུ་སྐད་ཀྱི་ངག་སྒོ་སྙན་མོ་ཞིག་ཡོད་པའི་ཁར། ཁོ་ཡང་རྩེད་དགའ་གཤིས་སུ་གྲུབ་པའི་མི་ཀུན་མཐུན་ཞིག་ཡིན། འཁྱུག་དབྱངས་དང་མགྱོགས་འཕྲིན་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བཞིན་པའི་དེང་གི་ཆར། ཁོས་ཀྱང་སྟེགས་བུ་དེ་འདྲ་བེད་སྤྱད་དེ་རང་གི་སྐད་ངག་སྙན་མོ་དང་གཞུང་དྲང་གི་གཤིས་སྤྱོད་བཟང་བོས་ཕྱོགས་བཞིའི་མགྲོན་པོའི་བློ་ཁ་འགུག་བཞིན་ཡོད་ལ། ཞོར་དུ་རང་ཁྱིམ་ལའང་ཡོང་འབབ་དགའ་འོས་པ་ཞིག་བཙལ་བཞིན་ཡོད།
ཕྱག་རྡོར་སྐྱབས་ཀྱིས་བཤད་རྒྱུར།
༼ཉིས་སྟོང་དྲུག་བདུན་ལོའི་སྐབས་སུ་ངའི་ཆུང་མར་མཁྲིས་ནད་བྱུང་ནས་མཁྲིས་རྡོ་གཤགས་བཅོས་བྱས་རྐྱེན་ཁྱིམ་ཚང་གི་ཆ་རྐྱེན་ཇེ་ཞན་དུ་སོང་། ཡུལ་ཚོ་དང་རུ་ཆེན་གྱི་མགོ་ཁྲིད་དང་སྡེ་སྡོད་ལས་བྱེད་པ་རྣམས་ལ་ཡར་ཞུ་བྱས་ནས་དབུལ་ཁྱིམ་ནང་དུ་འཇོག་པའི་རེ་བ་བཏོན། སྡེ་བའི་མང་ཚོགས་ཀྱིས་དབུལ་ཁྱིམ་ནང་བཞག་ན་ཚད་ལྡན་ཡིན་མིན་ལ་གྲོས་ཁ་བསྡུར་རྗེས་ཡུལ་ཚོ་ལ་སྙན་ཞུ་བྱས་ཏེ་དབུལ་ཁྱིམ་གྱི་གྲས་སུ་བཞག་ནི་རེད།༽
ཁོས་འཁྱུག་དབྱངས་དང་མགྱོགས་འཕྲིན་བརྒྱུད་དེ་བོད་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་སྲོལ་རྒྱུན་རིག་གནས་ཏེ་དམངས་གླུ་དང་རི་གླུ། རྡུང་ལེན་སོགས་འཁྲབ་ལེན་བྱེད་བཞིན་ཡོད་པར་མ་ཟད། ཁུལ་དང་རྫོང་རིམ་པའི་དམངས་གླུའི་འགྲན་སྡུར་ལའང་ཐེངས་མང་བོར་ཞུགས་ཏེ་གྲུབ་འབྲས་ཀྱང་ཕུལ་དུ་བྱུང་བ་ཐོབ་པས་རྩྭ་ཆུའི་ཚོད་ཀྱི་རི་དྭགས་ཞེས་པ་ལྟར་རང་ས་གནས་སུ་སྙན་གྲགས་མི་དམན་པ་ཐོབ་ཡོད། དེའི་ཞར་དང་ཞོར་དུ་ཐག་ཉེ་རིང་གི་རུ་སྡེ་མང་བོའི་རྟགས་སྟོན་མོ་སོགས་ཀྱི་སྐབས་སུ་གླུ་རེ་འགའ་བླངས་ནའང་ལག་ཡོང་མི་ཉུང་བ་ཞིག་ཡོད་པ་རེད།
ཕྱག་རྡོར་སྐྱབས་ཀྱིས་བླངས་པའི་དགའ་རྟགས་སྣ་ཚོགས།
ཕྱག་རྡོར་སྐྱབས་ཀྱིས་བཤད་རྒྱུར།
༼ངའི་དགའ་ཕྱོགས་གླུ་གར་ཡིན་སྟབས། རྫོང་རིམ་པ་དང་ཁུལ་རིམ་པའི་འགྲན་སྡུར་རེ་གཉིས་ལ་ཞུགས་མྱོང་། ཁུལ་ནས་ཨང་གཉིས་པ་དང་རྫོང་ནས་ཨང་དང་པོའི་བྱ་དགའ་ཐེངས་འགར་བླངས་མྱོང་། དེ་མིན་སྟོན་མོ་སོགས་ཀྱི་སྟེང་ནས་གླུ་རེ་འགའ་བླངས་ན་ཡོང་སྒོ་བཟང་གི༽
འཁྱུག་དབྱངས་དང་མགྱོགས་འཕྲིན་ནི་དུས་ཀྱི་འཕེལ་འགྲོས་ལས་བྱུང་བའི་ཡོང་འབབ་བཙལ་བའི་ལམ་ཁ་གསར་བ་གསར་རྐྱང་ཞིག་ཡིན་ཡང་། དེས་ཕྱག་རྡོར་སྐྱབས་ལྟ་བུའི་མི་རྣམས་ལ་ཡོང་འབབ་འཕར་བྱེད་ཀྱི་རེ་བའི་འོད་སྣང་བསྩལ་ཡོད་པར་མ་ཟད། མ་འོངས་པའི་འཚོ་བ་གསར་བར་བསྙེག་པའི་སྤོབས་པ་དང་ཡིད་ཆེས་ཀྱང་བླ་ལྷག་ཏུ་འཕེལ་བར་བྱས་ཡོད།
ཕྱག་རྡོར་སྐྱབས་ལ་བུ་བུ་མོ་བརྒྱད་ཡོད་པ་དང་། ཚང་མ་ལོའི་རིམ་པ་ལྟར་ཤེས་རིག་གི་སྦྲང་རྩིའི་བཅུད་ལ་ཅི་དགར་རོལ་བཞིན་ཡོད་ལ། ནར་སོན་རྗེས་བདག་བློའི་རྨོངས་པའི་མུན་པ་སེལ་ནས། འབྱུང་འགྱུར་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་པའི་མི་ནུས་ལྡན་ཞིག་ཏུ་འགྱུར་ཆེད། ལོ་ཆུང་བྱིས་པའི་དུས་ནས་འབད་པ་བརྒྱ་འགྱུར་བྱེད་མུས་སུ་ཡོད།
ཕྱག་རྡོར་སྐྱབས་ཀྱིས་བཤད་རྒྱུར།
༼བྱིས་པ་བརྒྱད་ཡོད་ནི་རེད། བྱིས་པ་ཆུང་བ་གཉིས་ད་རུང་སློབ་གྲྭར་འགྲོ་རན་མེད། དེའི་ཡན་ཚང་མ་སློབ་གྲྭར་འགྲོ་བཞིན་ཡོད། བྱིས་པ་ཡིན་ན་སློབ་གྲྭར་འགྲོ་དགོས་ཡོད། རིག་གནས་ཙམ་མེད་ན་འཚོ་བ་རོལ་བར་དཀའ་ཁག་ཆེ་གི ཟ་མ་དང་སློབ་ལྭ། སློབ་ཡོན་སོགས་རྒྱལ་ཁབ་ཀྱིས་བྱིན་ནས་དཀའ་ཁག་མེད་ཀི༽
ཉིས་སྟོང་བཅུ་དྲུག་ལོར་དབུལ་ཕོངས་ཁྱིམ་ཚང་གཏན་འཁེལ་བྱེད་པའི་སྐབས་སུ། སྲིད་གཞུང་གིས་ཕྱག་རྡོར་སྐྱབས་ཚང་ལ་བཟའ་མི་མང་བ་དང་། ཕྱུགས་ཟོག་ཉུང་བ། ཁྱིམ་ཚང་གི་ཡོང་འབབ་ཀྱང་ཉུང་བ་བཅས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་དུ་གཏན་འཁེལ་བྱས་པར་མ་ཟད། རྨིད་གྲུ་བཞི་མ་དགུ་བཅུ་ལྷག་ཡོད་པའི་ཐོག་ཁང་གཉིས་བྱིན་པས་ཁོ་ལ་རྫོང་མཁར་དུ་གཏན་སྡོད་ཀྱི་མགོ་ཁང་ཡོད་པར་གྱུར། དེ་ལས་ཁོས་ཞོར་ལས་གཉེར་བར་ཡང་སྟབས་བདེ་གང་ལེགས་བསྐྲུན་ཡོད།
ཕྱག་རྡོར་སྐྱབས་ཀྱིས་བཤད་རྒྱུར།
༼ངེད་ཚང་ལ་བཟའ་མི་མང་བའི་སྟབས་ཀྱིས་ཁྱོན་བསྡོམས་པས་རྨིད་གྲུ་བཞི་མ་བརྒྱ་དང་སུམ་ཅུ་ཡོད་པའི་རོགས་སྐྱོར་ཁང་བ་སྦྱིན་ཐལ།༽
ཁོ་ནི་རྒྱལ་ཁབ་ཀྱི་རོགས་སྐྱོར་ཁོ་ནར་སྒུག་སྡོད་མཁན་གྱི་མི་ལེ་ལོ་ཅན་ཞིག་མིན་པས། ཞོར་ལས་ཀྱི་ཞར་དུ་ཆུང་མ་དང་ལྷན་དུ་ཚོང་ཁང་ཞིག་ཀྱང་གཉེར་བཞིན་ཡོད་ལ། ཕྱུགས་ཟོག་ཀྱང་ཉུང་ཙམ་འཚོ་སྐྱོང་བྱས་ཏེ་མར་ཆུར་དང་འོ་ཞོ་སོགས་ཕྱིར་འཚོང་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ཁྱིམ་ཚང་གི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད། ཁྱད་པར་དུ་རྫོང་མཁར་དང་ཉེ་བའི་གཞིས་ཁུལ་དུ་གནས་སྤོར་བྱས་རྗེས། ཁོས་ཕྱི་ནས་ཞོར་ལས་གཉེར་བཞིན་ཡོད་པར་མ་ཟད་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ཕྱོགས་ལའང་རང་ནུས་ཅི་ཡོད་འདོན་བཞིན་མཆིས། དེ་ལྟར་ཁོའི་ཁྱིམ་ཚང་གི་ཡོང་འབབ་ཀྱང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད་ལ། ད་ལྟ་ཕལ་ཆེར་དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་གི་ཆུ་ཚད་དུ་བསླེབས་ཡོད་པ་རེད།
ཕྱག་རྡོར་སྐྱབས་ཀྱིས་བཤད་རྒྱུར།
༼རྒྱལ་ཁབ་ཀྱིས་སྦྱིན་པའི་དབུལ་སྐྱོར་མ་དངུལ་དང་གཞུང་གི་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བཤའ་བྱས་པའི་མ་དངུལ་བཅས་གཞིར་བཞག་སྟེ། ཚོང་ཁང་ཞིག་གཉེར་བ་དང་ཕྱུགས་ཟོག་རེ་འགའ་ཉོས། ད་སྐབས་མར་ཆུར་གྱི་གོང་ཚོད་བཟང་གི ད་སྐབས་གཅིག་ནས་མར་ཆུར་ཕྱིར་འཚོང་བྱེད་པ་དང་། གཉིས་ནས་གླུ་ལེན་གར་རྩེད་ཀྱི་ཡོང་སྒོ། གསུམ་ནས་རྒྱལ་ཁབ་ཀྱི་རོགས་སྐྱོར་སོགས་ཡོད་པས་ད་ལྟ་ངའི་འབྱོར་བ་བཟང་།༽
ཕྱག་རྡོར་སྐྱབས་ནི་དུས་རྒྱུན་གྱི་བྱ་བ་དང་འཚོ་བའི་ཁྲོད་ལས་བཀུར་བརྩོན་སེམས་ཅན་ཞིག་ཡིན་ཞིང་། ཁོས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་མི་བརྗེད་པར་རང་གི་བྱ་བ་འབད་པས་བསྒྲུབས་པ་དང་། རང་གི་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་བླག་ངང་དབུལ་ཐར་བྱས་ཡོད། རྗེས་ཕྱོགས་ཁོ་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་འཚོ་བ་སྔར་ལས་ཇེ་བཟང་དང་བདེ་སྐྱིད་ལྡན་པར་ཡིད་ཆེས་ཡོད།
མ་འོངས་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།
གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།