མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྒྲོག་ཆེན་སུམ་མདོ་གྲོང་རྡལ་ཁང་སར་གནས་སྤོར་སྡེ་བར་འདི་འདྲའི་མི་ཞིག་ཡོད་དེ། ནད་ཀྱི་དབང་གིས་དབུལ་ནག་ཏུ་གྱུར་ཡང་། ཏང་དང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱིས་རྒྱབ་སྐྱོར་དང་། རང་ཉིད་ཀྱི་ཞུམ་པ་མེད་པའི་རྩོལ་བ་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བར་བརྩོན་པ་ཧུར་ལེན་བྱས་ཏེ། ཕྱུག་འགྱུར་གྱི་འཚོ་བར་བསྙེག་པའི་རུ་འདྲེན་ལྟ་བུར་གྱུར་ནས་རྫོང་ཡོངས་ཀྱི་མིག་དཔེར་བཟུང་ཡོད། ཁོ་ནི་ཉིན་ཡུལ་རུ་ཆེན་ནས་ཁང་སར་གནས་སྤོར་སྡེ་བར་སྤར་ནས་སྐྱིད་པའི་འཚོ་བ་གསར་བར་ཡིད་ཆེས་ཀྱིས་འཇུག་བཞིན་པའི་སྟོབས་ལྡན་རེད།
སྲིད་གཞུང་གིས་རིན་མེད་དུ་སྦྱིན་པའི་སྟོབས་ལྡན་ཚང་གི་ཁང་བ་གསར་བ།
སྟོབས་ལྡན་ནི་སི་ཁྲོན་ནས་གནས་འདིར་ཡོང་བའི་མག་པ་ཞིག་ཡིན་པ་དང་། བྱིས་པ་གཉིས་ཡོད། སྔོན་ཆད་ཉིན་ཡུལ་རུ་ཆེན་དུ་ཡོད་དུས་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ལ་གཞོལ་ནས་དུས་རྒྱུན་གྱི་ལས་ཀར་ཚེགས་ཅུང་ཆེ་ཡང་ལྟོ་རྒྱབ་ལ་འདང་བརྒྱག་མི་འདུག ཡིན་ཡང་ཉིས་སྟོང་དགུའི་ལོར་ཁོའི་ཆུང་མར་བཅོས་ཐབས་བྲལ་བའི་ནད་ཚབས་ཆེན་ཞིག་བྱུང་ནས། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་སྨན་ཁང་མང་བོར་བསྟན་ཀྱང་ཕན་ཐོགས་མ་བྱུང་། མི་གཞི་བཟང་བའི་སྐྱེས་པ་དེས་ནད་ཀྱིས་ཐེབས་པའི་ཆུང་མ་དང་ནར་སོན་མེད་པའི་བྱིས་པ་རྒྱང་དུ་མ་བསྐྱུར་བར་བརྩེ་བས་གཉོར་སྐྱོང་གང་ལེགས་བྱས་པས་ཐག་ཉེ་རིང་གི་མི་ཀུན་གྱིས་ཁོར་བསྟོད་པའི་མཐེ་བོང་བསྒྲེང་བཞིན་ཡོད། ཁོའི་ཆུང་མ་ན་ནས་ཡུན་རིང་འགོར་བས་རིམ་བཞིན་ཁྱིམ་ཚང་གི་རྒྱུ་ནོར་མ་ལུས་པར་བཏང་ཡང་ཆུང་མའི་ཚེ་སྲོག་སྐྱོབ་མ་ཐུབ། དེ་ལྟར་སྟོབས་ལྡན་འབྱོར་བ་བཟང་བའི་ཁྱིམ་ཚང་ཞིག་ནས་དབུལ་ཕོངས་ཀྱི་གནས་སུ་ལྷུང་སོང་། དེའི་ཐད་ནས་སྟོབས་ལྡན་གྱིས་བཤད་རྒྱུར།
༼ཉིས་སྟོང་དགུའི་ལོ་ནས་བཟུང་སྟེ། ངའི་ཆུང་མར་ནད་བྱུང་། ལོ་མང་བོར་ན་ནས་བསྡད། ལན་རེར་སྨན་རིན་སྒོར་འབུམ་གཅིག་དང་ཁྲི་དགུ་ལྷག་ཤོར། ལན་རེར་ཁྲི་བཅུ་ལྷག ལན་རེར་སྒོར་ཁྲི་ལྔ་དྲུག་ལྷག ལོ་རེར་མ་མཐའ་ཡང་སྒོར་ཁྲི་གཉིས་གསུམ་གྱི་སྨན་རིན་ཤོར་འགྲོ། ཕྱུགས་ཟོག་ཚང་མ་རྩ་རྫོགས་བྱས་ནས་བསྟན་ཀྱང་ཕན་མ་ཐོགས་ཐལ། རུ་ཆེན་གྱི་མགོ་བར་ཡར་ཞུ་བྱས། རུ་ཆེན་གྱིས་གྲོང་རྡལ་ལ་ཡར་ཞུ་བྱས་པས། གྲོང་རྡལ་གྱི་མི་མང་བོ་དཀའ་ཁག་ཅི་ཡོད་བལྟ་རུ་ཡོང་ནས། ད་ཁྱོད་ཁག་མི་འདུག ཁྱོད་ཀྱི་མི་གཞི་ཧ་ཅང་བཟང་གི་ཟེར། དེ་ནས་ང་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་ནི་རེད། ༽
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་དགོས་དབང་གིས་ཕྱུགས་ཟོག་གི་ཁ་གྲངས་ལ་ཚོད་འཛིན་བྱས་པས། མ་གཞི་ནས་ཕྱུགས་ཟོག་མང་བོ་མེད་པའི་འབྲོག་པ་མང་ཚོགས་མི་ཉུང་བ་ཞིག་གིས་ཕྱུགས་སྐྱོང་གི་འཚོ་བ་བསྐྱུར་ནས་འཚོ་ཐབས་གཞན་ཞིག་ལ་བསྙེག་དགོས་ཡོད། སྒྲོག་ཆེན་སུམ་མདོ་གྲོང་རྡལ་གྱིས་ས་གནས་གཅིག་གི་ས་བཅུད་ཀྱིས་རང་སའི་མི་གསོ་ཐབས་མེད་པའི་དོན་དངོས་ལ་གཞིགས་ཤིང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་གཞིར་བཟུང་ནས། གྲོང་རྡལ་མངའ་ཁོངས་ཀྱི་རུ་ཆེན་བཞིའི་དབུལ་ཕོངས་ཁྱིམ་ཚང་རྣམས་གཅིག་བསྡུས་ཀྱིས་ཁང་སར་གནས་སྤོར་སྡེ་བར་བཀོད་སྒྲིག་བྱས་པ་དང་། སྡོད་ཁང་རིན་མེད་དུ་བྱིན་ནས་ཆུ་གློག་ལམ་གསུམ་གྱི་གནད་དོན་ཡོངས་སུ་ཐག་གཅོད་བྱས་པར་མ་ཟད། གནས་སྤོར་རྗེས་ཀྱི་འཚོ་བར་འགན་སྲུང་བྱེད་ཆེད། རྩྭ་སྲུང་དང་ནགས་སྲུང་། ཁོར་སྲུང་བ་སོགས་བྱ་བའི་ལས་གནས་སུ་དབུལ་ཕོངས་ཁྱིམ་ཚང་གི་མི་རྣམས་བཀོད་སྒྲིག་བྱས་ནས། མི་གཅིག་ལས་ཞུགས་བྱས་ཏེ་ཁྱིམ་གཅིག་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། གྲོང་རྡལ་དང་རུ་ཆེན་གྱི་མགོ་ཁྲིད་དག་གི་རོགས་རམ་ལ་བརྟེན་ནས་ནད་ཀྱི་དབང་གིས་དབུལ་ནག་ཏུ་གྱུར་བའི་སྟོབས་ལྡན་ཡང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་དང་ཁང་སར་གནས་སྤོར་སྡེ་བར་བཀོད་སྒྲིག་བྱས་ནས་འཚོ་བ་གསར་བ་ཉམས་སུ་མྱོང་ཐུབ་པ་བྱུང་། ལས་ཞུགས་གནད་དོན་ཐག་གཅོད་བྱས་ན། ད་གཟོད་གནས་སྤོར་མང་ཚོགས་ཀྱི་འཚོ་བ་གཏན་འཇགས་ཡོང་ཐུབ་པ་དང་། རིམ་བཞིན་ཕྱུག་འགྱུར་ཐུབ་ལ། ཡང་བསྐྱར་དབུལ་བོར་མི་འགྱུར་བར་སྔོན་འགོག་ཀྱང་བྱེད་ཐུབ་པ་ཡིན།
སྒྲོག་ཆེན་སུམ་མདོ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་ཚེ་རིང་མཚོ་ཡིས་བཤད་རྒྱུར།
༼ང་ཚོའི་གནས་སྤོར་བྱ་བ་འདི་ཉིས་སྟོང་བཅུ་དྲུག་ལོ་ནས་མགོ་བརྩམས་ནི་རེད། མགོ་རྩོམ་དུས་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཏང་། གནས་སྤོར་ཁྱིམ་ཚང་བརྒྱ་དང་བཅུ་གཅིག་ཡོད་པ་ཚང་མ་རུ་ཆེན་བཞིའི་དབུལ་ཕོངས་ཁྱིམ་ཚང་རེད། ཁང་བ་བགོ་བའི་སྐབས་སུ། མི་རེར་ཕལ་ཆེར་རྨིད་གྲུ་བཞི་མ་ཉེར་ལྔ་ཐོབ་ཡོད།༽
སྟོབས་ལྡན་ཁང་སར་གནས་སྤོར་སྡེ་བར་གནས་སྤར་རྗེས། ཁོས་རྩྭ་སྲུང་གི་ལས་ཀ་གཉེར་ནས་དབུལ་སྐྱོར་གྱི་རྣམ་གྲངས་མང་བོ་ལོངས་སུ་སྤྱོད་བཞིན་ཡོད་ཅིང་། ཆུ་གློག་ལམ་གསུམ་དང་བྱིས་པ་སློབ་གྲྭར་བསྐྱལ་བ། ཞོར་ལས་གཉེར་བ་སོགས་གང་ཡིན་ཡང་སྔོན་ལས་ཧ་ཅང་སྟབས་བདེ་རུ་གྱུར་ཡོད་པར་མ་ཟད། ལོ་རེའི་ཡོང་འབབ་ཀྱང་ཇེ་བཟང་ནས་ཇེ་བཟང་ཡིན་པ་རེད།
སྒྲོག་ཆེན་སུམ་མདོ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་ཚེ་རིང་མཚོ་ཡིས་བཤད་རྒྱུར།
༼བྱིས་པ་གཉིས་སློབ་གྲྭར་བསྐྱལ་དགོས་པས་ཐག་རིང་ལ་འགྲོ་ཐུབ་ནི་མ་རེད། རྩྭ་སྲུང་ནགས་སྲུང་གི་གྲས་སུ་བཞག་ཡོད། དེ་མིན་ལས་ཀ་ཙག་ཙིག་ལས་ཐུབ་ཀི་ཡོད་ནི་རེད། ༽
ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་གི་འབྲེལ་ཡོད་རྒྱུ་ཆ།
སྟོབས་ལྡན་གྱིས་བཤད་རྒྱུར།
༼གཅིག་ནས་ལམ་ཡོད་ཀི གཉིས་ནས་གཏན་སྡོད་ཁང་བ་ཡོད་ཀི གསུམ་ནས་ཆུ་གློག་ཡོད་ཀི འགྲིམ་འགྲུལ་སྟབས་བདེ་བས་ཧ་ཅང་བཟང་གི ཞོར་ལས་བཙལ་ནའང་འདིས་དགའ་ཀི༽
སྟོབས་ལྡན་གྱི་སྐད་ཆ་འདི་ལས་ཁོ་རང་ད་ལྟའི་འཚོ་བར་ཧ་ཅང་ཡིད་ཚིམས་ཡོད་པ་རྟོགས་ཐུབ། ད་ལྟ་སྟོབས་ལྡན་ལ་མཚོན་ན་ལྟོ་རྒྱབ་ལ་འདང་བརྒྱག་མེད་པ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཐོབ་ནས་ངེས་པ་དོན་གྱི་དབུལ་ཐར་བྱུང་ཡོད།
གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།