དབུལ་ཐར་ཕྱུག་འགྱུར་གྱི་སེམས་ཤུགས་བརྟན་པོ།
2020.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 58

མགོ་ལོག་ཁུལ་རྨ་སྟོད་རྫོང་ཐོག་ཏུ་ཕྱོགས་རིས་དང་ཉེ་རིང་མེད་པར་གཞུང་དོན་བསྒྲུབས་པ་དང་། སྡེ་མི་དག་དང་མཉམ་དུ་དཀའ་སྤྱད་སྡུག་རུས་བྱེད་ལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་དཀའ་གནད་སྣ་ཚོགས་ཁྱད་དུ་བསལ་ནས། ཚང་མ་དང་མཉམ་དུ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པའི་སྣེ་ཁྲིད་པ་ཞིག་ཡོད་དེ། ཁོ་ནི་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་ལུང་རྒན་སྡེ་བའི་ཏང་ཀྲི་པུའུ་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མཁས་རབ་རེད།

དབུལ་ཐར་མཁྲེགས་གཏོར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྟོབས་ཤུགས་གང་ཡོད་འདོན་སའི་སེམས་ཀྱི་ཁྱེར་སོ་ཡིན་པ་ནང་བཞིན། དམངས་ཀྱི་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱེད་པ་ནི་ཏང་ཀྲི་པུའུ་ཧྲུའུ་ཅི་མཁས་རབ་ཀྱི་སེམས་འཛིན་གཅིག་པུ་ཡིན། སྡེ་བའི་ཧྲུའུ་ཅི་ཡིན་པའི་ཆ་ནས། མཁས་རབ་ཀྱིས་ནམ་རྒྱུན་སྡེ་བ་རང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ལ་དོ་སྣང་བྱེད་པ་དང་། རྒྱུན་དུ་ཁོ་ཚོའི་ཡོང་འབབ་ཇི་ལྟར་ཇེ་མཐོར་གཏོང་བ་དང་དབུལ་ཐར་ཐབས་ལམ་འཚོལ་ཞིབ་བྱེད་པར་བསམ་བློ་ཡང་ཡང་གཏོང་གིན་འདུག

རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་འབྲེལ་ཡོད་ཇུས་གཞི་སྣ་ཚོགས་ལག་བསྟར་བྱས་པའི་ཚུན་ལ། ལུང་རྒན་སྡེ་བའི་ཕྱུགས་ཟོག་གི་ཁ་གྲངས་ལའང་ཚད་ངེས་ཅན་གྱི་ཚོད་འཛིན་ཐེབས་ཡོད་པ་དང་། སྲོལ་རྒྱུན་གྱི་ཕྱུགས་སྐྱོང་གི་འཚོ་བས་མི་རྣམས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་ཡོངས་སུ་བསྐང་ཐབས་མེད་པས། ངེས་པར་དུ་འཚོ་ཐབས་གསར་བ་ཞིག་ལ་བསྙེག་དགོས། དབུལ་ཐར་ཕྱུག་འགྱུར་ནི་དབུལ་ཕོངས་མང་ཚོགས་རང་ཉིད་ཀྱི་དཀའ་སྤྱད་རྩོལ་བ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་རྐྱེན། མཁས་རབ་ཀྱིས་གུང་ཁྲན་ཏང་ཡོན་ཞིག་གི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་སྡེ་མིར་ཞབས་འདེགས་ཞུ་བའི་འདུ་ཤེས་བཟུང་སྟེ། སྡེ་བའི་འཕེལ་རྒྱས་དང་དབུལ་ཕོངས་མང་ཚོགས་ཀྱི་ཕྱུག་འགྱུར་ཕྱོགས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད།

ལུང་རྒན་སྡེ་བའི་ཧྲུའུ་ཅི་མཁས་རབ་ཀྱིས་བཤད་རྒྱུར།

སྔོན་ཆད་ཀྱི་འཚོ་བར་འདྲ་ན། ང་ཚོའི་ས་ཆ་འདི་ཕྱུགས་ལས་རྐྱང་རྐྱང་གི་ས་ཆ་ཞིག་ཡིན། ཚོང་ལས་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ས་ཆ་ཞིག་རེད། ཉིས་སྟོང་བཅུ་དགུའི་ལོ་ནས་མགོ་བཟུང་སྟེ་རྫོང་ཐོག་ཏུ་ཡོང་ནས་དབུལ་སྐྱོར་ཕྱུག་འགྱུར་གྱི་སྲིད་ཇུས་བཟང་བོའི་སྣེ་ཁྲིད་འོག རྨ་ཆུའི་མགོ་ཁུངས་ནས་ཕྱུགས་ཟོག་མང་བོ་འཚོས་ན་ཆུ་ལ་སྦགས་བཙོག་བཟོས་འགྲོ་བ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་མི་འགྲིག་ས་མང་བོ་ཡོད་པས། ང་ཚོ་ཁྱིམ་ཚང་མང་བོ་རྫོང་གི་ཉེ་འཁོར་དུ་རུ་སྤར་བ་ཡིན།

མཁས་རབ་ཀྱིས་རེ་ཞུ་དང་དཔྱད་ཞིབ་ཀྱི་ལས་རིམ་མང་བོ་བརྒྱུད་དེ། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པའི་གསོ་སྦྱོང་ལ་ཞུགས་པ་དང་། གསོ་སྦྱོང་གི་སྦྱངས་འབྲས་ཚད་ལྡན་ཡིན། དེར་བརྟེན་ཁོ་རང་ཉིད་ཀྱིས་རེ་ཞུ་བཏོན་པ་ལྟར། རྨ་སྟོད་རྫོང་གིས་ཁོའི་ཐོན་ལས་འཕེལ་རྒྱས་ཀྱི་སེམས་འདུན་དང་ལས་སྐྲུན་དགོས་མཁོར་གཞིགས་པ་དང་། ཞིང་ཆེན་དང་ཁུལ་གྱི་དངུལ་ལོར་དབུལ་སྐྱོར་སྲིད་ཇུས་གཞིར་བཟུང་སྟེ། མཁས་རབ་ལ་དངུལ་བུན་སྒོར་འབུམ་གསུམ་བསྐྱིས་ནས་རྒྱབ་སྐྱོར་གང་ལེགས་བྱས། ཁོས་ལུང་རྒན་སྡེ་བ་སྤྱི་དང་ཁྱད་པར་དུ་དབུལ་ཕོངས་ཁྱིམ་ཚང་དག་ཕྱུག་འགྱུར་བྱེད་པའི་སེམས་འདུན་དྲག་པོས་ཀུན་ནས་བསླངས་ཏེ་སྡེ་བ་རེ་ལ་ཐོན་ལས་རེ་ཡོད་པར་བྱེད་པའི་དབུལ་ཐར་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། གོང་རིམ་ནས་སྦྱིན་པའི་དངུལ་བུན་དེ་བེད་སྤྱད་ནས་མི་རིགས་སྣ་འཛོམས་ཚོང་ཁང་ཞིག་གཉེར་ནས་ཕྱུགས་ཐོན་དངོས་རྫས་དང་མཁོ་ཆས་སྣ་ཚོགས་ཀྱིས་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐང་ཅི་ཐུབ་བྱས།

ལས་ལ་བྲེལ་བའི་བཟོ་བ།

མཁས་རབ་ཀྱིས་ཚོང་ཁང་གི་རྨང་གཞིའི་སྟེང་། འབྲུག་ལོ་དང་དཔལ་བཟང་སོགས་བཟོ་བ་རྒན་རབས་ཉམས་མྱོང་ཅན་རེ་འགའ་རྩ་འཛུགས་དང་མཉམ་ལས་བྱས་ཏེ་གྱོན་ཆས་བཟོ་གྲྭ་ཞིག་སྒྲིག་འཛུགས་བྱས། བཟོ་བ་རྒན་པ་དེ་དག་གིས་ན་གཞོན་སྔར་ལས་མང་བོར་བོད་ལྭ་གཙོ་བྱས་པའི་གྱོན་ཆས་སྣ་ཚོགས་བཟོ་བའི་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་བྱེད་དུ་འཇུག་འདོད་པ་དང་། དེ་མིན་ལག་རྩལ་སྣ་རེ་སྦྱངས་ན་སྤྱི་ཚོགས་ཀྱི་ལས་ཞུགས་ནུས་པ་ཇེ་མཐོར་བཏང་ནས་དབུལ་ཕོངས་མང་ཚོགས་ལ་ཡོང་འབབ་མང་ཙམ་རེག་ཐུབ་པར་རང་གི་ནུས་པའི་སྲི་ཞུ་ཅུང་བསྒྲུབ་ཐུབ་ན་བསམ་ཡོད། གྱོན་ཆས་བཟོ་གྲྭ་དེས་དབུལ་ཕོངས་མང་ཚོགས་ལ་རོགས་སྐྱོར་མང་ཙམ་བྱེད་པའི་ཞོར་དུ་ཚོང་ཁང་དུའང་ཚོང་རྫས་སྣ་གསར་བ་ཞིག་ཁ་བསྣོན་བྱེད་ཐུབ་པ་བྱུང་།

བཟོ་བ་དཔལ་བཟང་གིས་བཤད་རྒྱུར།

བཟོ་གྲྭ་འདི་བཙུགས་ནས་ཟླ་བ་གཉིས་ལྷ་འགོར་ཡོད། དབུལ་ཐར་ཕྱུག་འགྱུར་བྱེད་ན་མཉམ་ལས་ཁང་ཅུང་བཟང་གི་བསམ་ནས་ལུང་རྒན་སྡེ་བའི་མཉམ་ལས་བཟོ་ཁང་ལ་ཞུགས་པ་ཡིན། གསར་སྐྱེས་ཀྱི་ན་གཞོན་མང་བོར་བཟོ་ཡག་པ་ཞིག་བསླབ་རྗེས་མ་འོངས་པར་བཟོ་བྱས་ནས་ཁ་གསོ་བ་དང་འཚོ་བ་འཕེལ་རྒྱས་སུ་གཏོང་བསམ་བཞིན་ཡོད།

བཟོ་བ་འབྲུག་ལོ་ཡིས་བཤད་རྒྱུར།

ང་ན་ནིང་ནས་བཟུང་མཉམ་ལས་དབུལ་སྐྱོར་བཟོ་གྲྭའི་ནང་ཞུགས་པ་ཡིན། ལོ་ཆུང་དུས་རང་གི་སྒེར་ནས་བསླབ་རྗེས་བཟོ་བྱས་ཏེ་ཁ་གསོས་པ་ཡིན། བཟོ་བསླབ་ནས་ད་བར་དུ་ལོ་ཉི་ཤུ་ལྷག་འགོར་སོང་།

ལས་ལ་བྲེལ་བའི་བཟོ་བ། 

མཁས་རབ་ཀྱིས་ལུང་རྒན་སྡེ་བའི་ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་ལྔའི་སྣེ་ཁྲིད་དེ་ལས་ཞུགས་མངོན་འགྱུར་བྱུང་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་མིག་དཔེའི་ནུས་པ་འདོན་བཞིན་མཆིས།

ལུང་རྒན་སྡེ་བའི་ཧྲུའུ་ཅི་མཁས་རབ་ཀྱིས་བཤད་རྒྱུར།

གནད་འཁེལ་དབུལ་ཕོངས་ཁྱིམ་ཚང་ལྔའི་མི་ཉེར་བདུན་གྱི་སྣེ་ཁྲིད་དེ། རྫོང་ཞིང་ལས་དངུལ་ཁང་གི་རྒྱབ་སྐྱོར་འོག སྒོར་འབུམ་གསུམ་གྱི་དངུལ་བུན་བསྐྱིས་ནས་ཚོང་ཁང་འདི་འདྲ་ཞིག་མཉམ་བསྒྲུབས་བྱས། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་མི་རིགས་རང་གི་མཁོ་ཆས་དང་གྱོན་པ་སོགས་བཟོ་བ་དང་ཕྱིར་འཚོང་བྱེད་པ། ང་ཚོ་ས་གནས་ཀྱི་ཕྱུགས་ལས་ཐོན་རྫས་ཏེ་ཤ་དང་མར། ཞོ། འོ་མ་སོགས་ཐོན་སྐྱེད་བྱས་ཏེ། མ་འོངས་པ་ན་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་རྒྱུའི་ཕྱོགས་སུ་བསྙེག་བཞིན་ཡོད། ཚོང་ཁང་འདིའི་ལས་བཟོ་བ་ནི་དབུལ་ཁྱིམ་ལྔའི་མི་ཡིན། ལ་ལས་རྩིས་གཉེར་བའི་འགན་ཁུར་བ་དང་། མི་གསུམ་གྱིས་བཟོ་བའི་ལས་འགན་ཁུར་ཡོད། ཚོང་ཁང་འདི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་ནང་སྒོ་ཕྱེ་པ་ཡིན། ལས་བཟོ་བའི་ཡོང་འབབ་བཤད་ན། ཟླ་རེར་མི་རེར་སྒོར་སྟོང་གཅིག་དང་བདུན་བརྒྱའི་ཟླ་ཕོགས་སྟེར་གྱིན་ཡོད།

ཕྱུག་འགྱུར་གྱི་འཇོན་མི་དང་དབུལ་ཐར་གྱི་དཔེ་སྟོན་བཟང་བོ་མཁས་རབ་ཀྱིས་དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནས་འདོར་མྱོང་མེད་པ་དང་། མ་འོངས་པའི་ཕྱུག་འགྱུར་ཐབས་ལམ་སོགས་ཀྱི་ཐད་ལ་ཁོས་མུ་མཐུད་དུ་བསམ་བློ་བཏང་སྟེ་འཆར་འགོད་གང་ལེགས་བྱེད་བཞིན་འདུག

ལུང་རྒན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཁས་རབ་ཀྱིས་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ཐད་ནས་བཤད་རྒྱུར།

མ་འོངས་པ་ན་ཚོང་ཁང་འདི་འཕེལ་རྒྱས་སུ་སོང་ན། དབུལ་ཕོངས་ཁྱིམ་ཚང་མང་བོ་བསྡུ་ལེན་བྱས་ནས། དེའི་དཔལ་འབྱོར་ཐད་གང་ལ་ཅི་ཐུབ་ཀྱིས་རོགས་རམ་བྱེད་པ་ཁ་ཕྱོགས་གཙོ་བོར་བཟུང་ཡོད།


གསར་འགོད་པ། ཨ་བརྟན་རྒྱལ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།