ཟླ་དགུ་པའི་ཚེས་བདུན་ཉིན་ཏེ།མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམ་ཚོགས་དང་བོད་ཀྱི་ས་གདན་འགྲེམ་སྟོན་སྐབས་སུ། ཀྲུང་གོའི་མཚོ་སྔོན་དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ངོ་སྤྲོད་ཚོང་གཏམ་གྲོས་ཚོགས་དང་གློག་ཚོང་དབུལ་སྐྱོར་མཚོ་སྔོན་དུ་སྐྱོད་པའི་བྱ་འགུལ་ཟི་ལིང་སུའོ་ཧྥེ་ཐི་མགྲོན་ཁང་ནས་སྤེལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་བྱ་འགུལ་ལ་ཞུགས། ཀྲུང་གོའི་གློག་ཚོང་དབུལ་སྐྱོར་མནའ་འབྲེལ་གྱི་ཁོངས་གཏོགས་སྡེ་ཁག་བཅོ་བརྒྱད་ཀྱི་མི་ལྔ་བཅུ་ལྷག་མཚོ་སྔོན་དུ་ཡོང་ནས་ཐོན་ཚོང་སྦྲེལ་མཐུད་དང་རྟོག་ཞིབ་སྤེལ་བ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་། ཚོང་དོན་ཆེད་དོན་སྡེ་ཁག ཁེ་ལས་བརྒྱ་དང་བཞི་བཅུ་ལྷག་གི་མི་ཉིས་བརྒྱ་ལྷག་བྱ་འགུལ་ལ་ཞུགས།
དབྱང་ཧྥུན་ཁྲུན་གྱིས་ཤིས་ཚིག་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནམ་ཡང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཞི་འཛིན་སར་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ལ། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་པ་དང་དཔལ་འབྱོར་རྣམ་པ་བཞི་འཛུགས་སྐྲུན་བྱས་པ་དང་། ལྷག་པར་དུ་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ལ། གོང་རིམ་འཆར་གཞི་ལ་ཤུགས་བསྣན་པ་དང་སྲིད་ཇུས་ཀྱི་འགན་སྲུང་འཐུས་ཚང་དུ་བཏང་ལ། རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་པ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱས་ཤིང་ཐོན་ལས་སྐྱེད་སྲིང་བྱེད་ཚད་ཆེ་རུ་བཏང་བ་དང་། ཤེས་ལྡན་མི་སྣའི་སྐྱེད་སྲིང་ལ་དོ་སྣང་བྱས་པ་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ལ། ཕྱོགས་མང་པོ་དང་རིམ་པ་མང་པོ། བྱེད་ཐབས་མང་པོ་སྤྱད་དེ་མཉམ་དུ་ཤུགས་འདོན་པ་དང་དངོས་གཉེར་གསར་སྐྲུན་བྱས་པ་དང་། སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་ཞིང་ཕྱུགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་འཛུགས་སྐྲུན་བྱས་པས། མཚོ་སྔོན་གྱི་སྐྱེ་ཁམས་དང་ལྗང་མདོག སྐྱེ་ལྡན། བདེ་ཐང་གི་ཞིང་ལས་ཐོན་རྫས་རྒྱལ་ཡོངས་དང་འཛམ་གླིང་དུ་བསྐྱོད་ཐུབ་པ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཁེ་ཕན་ཆེན་པོ་ཐོབ་ལ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས། མིག་སྔར། མཚོ་སྔོན་གྱིས་སྐབས་གསར་བའི་ཆ་འཕྲིན་ལག་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་གི་གོ་སྐབས་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཞི་གྲངས་དཔལ་འབྱོར་གཙོར་འཛིན་པའི་དཔལ་འབྱོར་རྣམ་པ་བཞི་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། ལྷག་པར་དུ་རིམས་ནད་ཀྱིས་མི་རྣམས་ཀྱི་འཚོ་བའི་འདུ་ཤེས་དང་འཚོ་བ་རོལ་སྟངས། འཛད་སྤྱོད་མ་དཔེ་ཐད་འགྱུར་ལྡོག་ཆེན་པོ་བཟོས་པར་ཁ་གཏད་དེ། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གཞི་གྲངས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དུ་བརྩི་བ་དང་། གློག་རྡུལ་ཚོང་དོན་ཞིང་སྡེ་རུ་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞི་སྣེ་ཁྲིད་དུ་བྱས་ནས། རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་བ་དང་། བཟོ་ལས་གཞི་རིམ་དུ་སྐྱོད་པ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་སྐྱོད་པའི་ཕྱོགས་གཉིས་འཁོར་རྒྱུག་གི་ལམ་བུ་བཏོད་ལ། ཐོན་ཚོང་སྦྲེལ་མཐུད་རྒྱུན་མཐུད་ངང་གཏན་འཇགས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ནས་དང་ནོར་གནག བོད་ལུག འཕང་འབྲས། ཞོག་ཁོག་དང་མི་རིགས་ལག་ཤེས་སྒྱུ་རྩལ་སོགས་མཐོ་སྒང་ཁྱད་ཆོས་ཀྱི་ཐོན་རྫས་གཞི་ཁྱོན་ཅན་དང་ཚད་གཞི་ཅན། ལྗང་མདོག་ཅན། ཚོང་རྟགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་མཚན་སྙན་མཐོར་འདེགས་བཏང་བ་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ནུས་གསར་བ་སྣོན་བཞིན་ཡོད་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།