གཅན་ཚ་རྫོང་གིས་བྱེད་ཐབས་སྣ་མང་བརྒྱུད་དེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་།
2020.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 123

དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་།  དབུལ་ཐར་སྤུས་ཚད་མཐོར་འདེགས་གཏོང་བ།  གཏན་འཇགས་དབུལ་ཐར་མངོན་འགྱུར་བཅས་བྱེད་ཆེད།  གཅན་ཚ་རྫོང་གིས་དབུལ་ཐར་སྙིང་སྟོབས་དེ་རྗེས་མཐུད་སྲ་བརྟན་བཟོ་སྐྲུན་ཆེན་པོ་དགུའི་ནང་དོན་གཙོ་བོར་བཞག་པ་དང་།  ཆབ་སྲིད་གླེང་བ་དང་ངོས་ཟིན་ཇེ་དྲག་ཏུ་གཏོང་བ།   འཕེལ་རྒྱས་གླེང་བ་དང་དྲིན་གཟོའི་བསམ་པ་ཇེ་དྲག་ཏུ་གཏོང་བ།  རང་ཚུགས་གླེང་བ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ།  རྩལ་ནུས་གླེང་བ་དང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ།  དཔལ་ཡོན་གླེང་བ་དང་བྱས་ཚད་ཇེ་དྲག་ཏུ་གཏོང་བ་སོགས་གླེང་བ་ལྔ་དང་ཇེ་དྲག་ཏུ་གཏོང་བ་ལྔའི་བྱེད་ཐབས་བརྒྱུད་དེ་དབུལ་ཕོངས་མང་ཚོགས་ཀྱིས་གཙོ་གཞིའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུན་བརྟན་འཇགས་ངང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས།

གཅན་ཚ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ཞང་དང་གྲོང་རྡལ།  སྡེ་བ།  གཞིས་ཁུལ་བཅས་སུ་ཟབ་ཞུགས་བྱས་ནས་མང་ཚོགས་དང་མཉམ་དུ་འཕེལ་རྒྱས་དང་འགྱུར་ལྡོག་གླེང་སྟེ་འདུ་ཤེས་བསྒྱུར་བ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ།  བརྩོན་སེམས་བསྐྱེད་པ་སོགས་ཀྱི་བྱ་བ་སྔར་ལས་བཟང་བོར་བསྒྲུབས་པ་དང་།  ལས་བྱེད་པ་དང་དབུལ་ཕོངས་མང་ཚོགས་ཀྱི་བར་ཐག་ཇེ་ཉེར་བཏང་བར་མ་ཟད།  དབུལ་སྐྱོར་དང་རིག་སྐྱོར་གྱི་མི་འདང་ས་ཁ་གསབ་དང་། མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་།  ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ།  རྫོང་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱ་འགུལ་ཐེངས་སྟོང་གཅིག་དང་ལྔ་བརྒྱ་ཞེ་བཞི་སྤེལ་བ་དང་།  ཁྱིམ་ཚང་ཁྲི་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་དོན་གཉིས་ལ་སོང་ནས་སྒྲོག་འགྲེལ་བྱས།  དེ་དང་མཉམ་དུ།  དཔེ་ཆ་གཞི་རིམ་དུ་སྐྱེལ་བ་དང་རིག་གནས་གཞི་རིམ་དུ་སྐྱེལ་བ་སོགས་ཀྱི་བྱ་འགུལ་ཧུར་ཐག་གིས་སྤེལ་ནས།  མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་རིག་གནས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས་པ་དང་།   མང་ཚོགས་ཀྱི་ཏང་དང་སྲིད་གཞུང་ལ་དྲིན་གཟོ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་།   དེའི་རྨང་གཞིའི་སྟེང་།  དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རིགས་སོ་སོའི་སྔོན་ཐོན་དཔེ་གཞི་འཚོལ་ཞིབ་བྱས་ནས་སྔ་གཞུག་ཏུ་དབུལ་ཐར་མཁྲེགས་གཏོར་གཟི་བརྗིད་ཁྱིམ་ཚང་ཉེར་བརྒྱད་ལ་གཟེངས་བསྟོད་བྱས་པས།   དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་སྙིང་སྟོབས་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་།

དེ་མིན།  གཅན་ཚ་རྫོང་གིས་རྫོང་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཞང་གཅིག་ལ་ལས་རིགས་གཅིག་དང་སྡེ་བ་གཅིག་ལ་སྲིད་ཇུས་གཅིག   ཁྱིམ་ཚང་གཅིག་ལ་རྩལ་ནུས་གཅིག་གི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་འཆར་གཞི་དང་།  གཅན་ཚ་རྫོང་གི་ལས་ཞུགས་སྤོ་སྒྱུར་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞི་གཏན་ཁེལ་བྱས་པ་དང་།  ཞིང་ཆེན་ཕྱི་ནང་དུ་ངལ་རྩོལ་དུ་འགྲོ་བའི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་གཞན་ལ་བརྟེན་པ་ནས་རང་གིས་རང་ཉིད་ཕྱུག་པོར་བསྒྱུར་བའི་དབུལ་ཐར་བགྲོད་ལམ་འཚོལ་ཞིབ་བྱས།

                                                                                                                    ལོ་ཙཱ་བ་ལྷ་མོ་ཚེ་རིང་།