བདེ་སྐྱིད་གྲོང་ཚོའི་བདེ་སྐྱིད་འཚོ་བ།
2020.10.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 275

སྟོན་ཟླ་བརྒྱད་པར་སླེབས་ཡོད་ཀྱང་རྨ་ཀླུང་རིང་མོའི་འགྲམ་དུ་ཆགས་ཤིང་མདའ་མོ་གཡང་རྫོང་དུ་འབོད་པའི་གཅན་ཚ་རྫོང་དུ་དབྱར་གྱི་མཛེས་སྡུག་མ་ཉམས་པར་ཡོད་ལ། གཅན་ཚ་རྫོང་གི་རིགས་སོ་སོའི་མི་དམངས་དག་དབུལ་ཐར་ལམ་དུ་དཔུང་བ་མཉམ་གཤིབ་ཀྱིས་བགྲོད་བཞིན་མཆིས།

ཉིས་སྟོང་ཉི་ཤུ་ལོར་དུས་ལྟར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རི་མགོ་མཐོ་སའི་གནད་དོན་རི་འདབས་ནས་ཐག་གཅོད་བྱེད་པའི་བསམ་ཕྱོགས་ལྟར། དབུལ་སྐྱོར་གནས་སྤོར་དེ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། ཉིས་སྟོང་བཅུ་དྲུག་ལོར་གཅན་ཚ་རྫོང་ཡོངས་ཀྱི་འཚོ་སྡོད་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པའི་ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་སྡེ་བ་སུམ་ཅུ་ནས་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་དང་མི་གྲངས་དགུ་བརྒྱ་དང་ཞེ་དྲུག་གཅིག་བསྡུས་སྒོས་སྣང་ར་ཡུལ་ཚོའི་རྨ་ཆུའི་ཤར་འགྲམ་དུ་བཀོད་སྒྲིག་བྱས་པས། མཐོ་སྒང་གི་ཆེས་མཛེས་པའི་བོད་གྲོང་སྟེ་བདེ་སྐྱིད་གྲོང་ཚོ་འདི་ཆགས་པ་རེད། བདེ་སྐྱིད་གྲོང་ཚོའི་སྡེ་དཔོན་འཇམ་དབྱངས་བསོད་ནམས་ཀྱིས་སྡེ་བ་སྤྱིའི་གནས་ཚུལ་ཐད་ནས་བཤད་རྒྱུར།

ང་ཚོ་བདེ་སྐྱིད་གྲོང་ཚོ་འདི་ཉིས་སྟོང་བཅུ་བདུན་ལོར་གནས་སྤར་ཡོང་བ་ཡིན། གཅན་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་སྡེ་བ་སུམ་ཅུའི་ནང་ནས་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་གཅན་ཚ་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་གནས་སྤར་ཡོང་བ་ཡིན། སྔོན་ཆད་དང་ད་ལྟའི་འཚོ་བའི་འགྱུར་ལྡོག་བཤད་ན། སྔོན་ཆད་ཆུ་གློག་ལམ་གསུམ་གང་ཡིན་ཡང་དཀའ་ཁག་ཆེན་པོ་ཡོད་ནི་རེད། བྱིས་པ་སློབ་གྲྭར་འགྲོ་བ་སོགས་ཕྱོགས་གང་ཅིའི་ཐད་དཀའ་ཁག་མི་ཉུང་བ་ཡོད་པ་རེད། བདེ་སྐྱིད་གྲོང་ཚོ་འདིར་ཡོང་ན་ཆུ་གློག་ལམ་གསུམ་གང་གི་ཕྱོགས་ནས་སྟབས་བདེ་རེད། དེའི་ཕན་ཆད་ནས་བྱིས་སྐྱོང་ཁང་བཙུགས་ཡོད་པས་བྱིས་པ་སློབ་གྲྭར་འགྲོ་བར་ཡང་སྟབས་བདེ་རེད། གནས་འདིར་ཡོང་ནས་འཚོ་བའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག འདིར་ཡོང་རྗེས་ཡོང་འབབ་བཙལ་བར་ཡང་སྟབས་བདེ་རེད། སྡེ་བའི་ཁྱིམ་ཚང་རེ་འགའ་ཡིས་སྤྲོ་སྐྱིད་གླིང་གཉེར་ནས་ཡོང་འབབ་བཙལ་བཞིན་ཡོད་པ་དང་། དེ་མིན་ཟས་རིགས་ཐང་ཆེན་དུའང་རེ་འགས་ཡོང་འབབ་བཙལ་བཞིན་ཡོད། བདེ་སྐྱིད་གྲོང་ཚོ་ཀུང་ཟི་གཞན་དང་མཉམ་འབྲེལ་བྱས་ཡོད་པས་སྡེ་མི་ལ་ལས་དེ་ནས་ཡོང་འབབ་བཙལ་བཞིན་ཡོད། གནས་འདིར་ཡོང་ནས་དཔལ་འབྱོར་ཐད་ནས་གོང་འཕེལ་དུ་སོང་བ་ཧ་ཅང་བཟང་གི

 བདེ་སྐྱིད་གྲོང་ཚོའི་སྡེ་དཔོན་འཇམ་དབྱངས་བསོད་ནམས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ། 

རྒྱུས་ལོན་བྱུང་བ་ལྟར་ན།  གཅན་ཚ་རྫོང་གིས་སྤྱིའི་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བདུན་འབུམ་བདུན་ཁྲི་གཅིག་ལྷག་བཏང་སྟེ་མང་ཚོགས་ལ་ཁང་བ་ཉིས་བརྒྱ་དང་ང་གཅིག་ལས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པར་གནས་སྤོར་མང་ཚོགས་ཚང་མ་ཁང་བ་གསར་བར་གནས་སྤོར་ཐུབ་པ་བྱུང་། གནས་སྤོར་བྱས་རྗེས་ཀྱི་མང་ཚོགས་ཀྱི་འཚོ་བ་གཏན་འཇགས་ཡོང་བ་དང་ཕྱུག་པོར་གྱུར་ནས་འབྱོར་འབྲིང་གི་འཚོ་བར་བསྙེག་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། བདེ་སྐྱིད་གྲོང་ཚོས་རྨ་ཆུའི་འགྲམ་ངོགས་ཀྱི་ནམ་ཟླ་དྲོ་བ་དང་ཡུལ་བབ་དམའ་བ། མཛེས་ལྗོངས་ལེགས་པ་སོགས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། དབུལ་སྐྱོར་གནས་སྤོར་དེ་སྡེ་བའི་དར་རྒྱས་འཐབ་ཇུས་དང་། ནུས་ཁུངས་གསར་བའི་བེད་སྤྱོད།  ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ།  རིག་གནས་གནས་སྐོར་འཕེལ་རྒྱས་བཅས་ལ་ཟུང་འབྲེལ་བྱས་པའི་དབུལ་ཐར་གྱི་ཐབས་ལམ་གསར་བ་ཞིག་གསར་གཏོད་བྱས་ཏེ། ད་ལྟ་བདེ་སྐྱིད་གྲོང་ཚོས་གནས་སྐོར་གཙོར་བཟུང་ཐོག ཁྱད་ལྡན་ཞིང་ལས་དང་དམངས་སྲོལ་རིག་གནས།  ཉི་འོད་ནུས་པ་སོགས་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་མང་བོ་འཕེལ་རྒྱས་སུ་བཏང་སྟེ། མང་ཚོགས་ཀྱི་མ་འོངས་པའི་འཚོ་བར་འགན་སྲུང་བྱས་ཡོད་པར་མ་ཟད། དབུལ་ཐར་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་གི་ཕྱོགས་སུ་ཡིད་ཆེས་དང་སྤོབས་པས་བསྐྱོད་བཞིན་འདུག བདེ་སྐྱིད་གྲོང་ཚོའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལོ་བརྒྱ་ཚེ་རིང་གིས་བཤད་རྒྱུར།

ང་ཚོ་བདེ་སྐྱིད་གྲོང་ཚོར་མཚོན་ན། ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་དང་། མི་གྲངས་དགུ་བརྒྱ་དང་ཞེ་དྲུག་གནས་སྤར་ཡོད། སྔོན་ཆད་ཚང་མ་རི་ལུང་མང་བོའི་སྡེ་བ་སུམ་ཅུ་ལྷག་ན་ཡོད་ཀི འགྲིམ་འགྲུལ་སྟབས་མི་བདེ་ཀི འཐུང་ཆུར་དཀའ་ཁག་ཡོད་ཀི དེའི་ཕན་ཆད་ནས་བྱིས་པ་སློབ་གྲྭར་བསྐྱལ་བ། ནད་པ་སྨན་ཁང་དུ་བསྐྱལ་བ་སོགས་གང་ཅིའི་ཐད་ནས་སྟབས་བདེ་མ་རེད། གནས་འདིར་སྤར་ཡོང་ན་ཡུལ་བབ་དང་ས་གཤིས་ཡག་པོ་རེད། ཐོན་ལས་གཙོ་བོ་ཡིན་ན་ཡུལ་སྐོར་ལྗོངས་རྒྱུ་རེད། ལས་ཞུགས་ཀྱི་ཐད་ནས་ཁོར་ཡུག་གཙང་སྦྲ་བྱེད་མཁན་དང་དོ་དམ་མི་སྣ་སོགས་སྤྱི་བསྡོམས་པས་མི་སུམ་བརྒྱ་ལྔ་བཅུ་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། ཉི་འོད་ནུས་པའི་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་པ་དང་། ཟླ་རེར་ཆ་སྙོམས་ཁྱིམ་ཚང་གཅིག་ལ་སྒོར་ལྔ་བརྒྱའི་མན་ལ་ལྷུང་མེད། དེ་ལྟར་ན་ལོ་རེར་ཁྱིམ་ཚང་རེར་སྒོར་སྟོང་དྲུག་གི་ཡོང་འབབ་ཡོད་ཀི དེའི་ཕན་ནས་ས་ཞིང་མུའུ་བརྒྱ་དང་དྲུག་ཅུའི་སྟེང་བོད་ཇ་འདེབས་འཛུགས་བྱས་ཡོད། མིག་སྔར་ད་རུང་ཚོང་རར་བཀྲམ་མེད་ཀྱང་། ལོ་ཧྲིལ་བོར་ངལ་རྩོལ་པ་མི་ཐེངས་སྟོང་གཅིག་དང་ཉིས་བརྒྱ་ལྷག་གི་ལས་ཀའི་གནད་དོན་ཐག་གཅོད་བྱས། དེ་ལས་གཞན་སྡེ་བ་སྤྱིའི་ཐོན་ལས་ཐད་ནས་བདེ་སྐྱིད་དམངས་སྲོལ་སྤྲོ་སྐྱིད་གླིང་ནི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ས་ཡ་བཞི་ལྷག་བཏང་ནས་ལས་ནི་རེད། དེ་ལས་ལོ་རེར་ངེད་ཚོ་སྡེ་བར་སྒོར་འབུར་བཞིའི་ཡོང་འབབ་སྟེར་བཞིན་ཡོད་ལ། ལོ་མཇུག་ཁྱིམ་ཚང་རེ་རེར་བགོ་བཞིན་ཡོད། སྤྱི་ཕྱོགས་ནས་བདེ་སྐྱིད་གྲོང་ཚོའི་མང་ཚོགས་ཀྱི་བསམ་བློའི་འགྱུར་ལྡོག་དང་ཕྱི་རོལ་གྱི་ཆ་རྐྱེན་གྱི་འགྱུར་ལྡོག་ཐད་ནས་ཇེ་བཟང་ནས་ཇེ་ལེགས་ཡིན། རྗེས་ཕྱོགས་མང་ཚོགས་ཀྱི་སེམས་བདེར་བབས་ནས་སྐྱིད་པོར་འདུག་དགོས་ན། གཅིག་ནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་པ་དང་། གཉིས་ནས་སྡེ་བའི་ཐོན་ལས་རྒྱ་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་གཙོ་བོ་རེད། བདེ་སྐྱིད་གྲོང་ཚོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ཇེ་ལེགས་ནས་ཇེ་བཟང་ཡོང་བ་དང་། བདེ་སྐྱིད་གྲོང་ཚོ་དེ་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་ཟབ་མོ་ཡོད་ཀི

བདེ་སྐྱིད་གྲོང་ཚོའི་ཟས་རིགས་ཐང་ཆེན། 

བདེ་སྐྱིད་གྲོང་ཚོའི་མགྲོན་ཁང་། 

བདེ་སྐྱིད་གྲོང་ཚོའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལོ་བརྒྱ་ཚེ་རིང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ། 

བདེ་སྐྱིད་གྲོང་ཚོས་ཕྱོགས་གཅིག་ནས་དམངས་སྲོལ་དང་མདའ་འཕེན། རྨོ་འདེབས་སོགས་རིག་གནས་སྣ་མང་གཅིག་འདུས་ཀྱི་བདེ་སྐྱིད་གྲོང་ཚོ་མཛེས་ལྗོངས་ས་ཁུལ་གཉེར་ནས་གནས་སྤོར་དབུལ་ཕོངས་མང་ཚོགས་ཀྱིས་མཛེས་པའི་རི་ཆུ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། བདེ་སྐྱིད་གྲོང་ཚོས་དེའི་ཞོར་དུ་ཞིང་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བ་དེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གཙོ་བོར་བྱས་ནས། སྡོང་ཕྲུག་གསོ་སྤེལ་མཉམ་ལས་ཁང་དང་བོད་ཇའི་འདེབས་འཛུགས་མཉམ་ལས་ཁང་སོགས་བཙུགས་ཏེ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བའི་ཞོར་ལ་མང་ཚོགས་ཀྱི་ཡོང་འབབ་ཀྱང་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་ཡོད། སྡོང་ཕྲུག་གསོ་སྤེལ་མཉམ་ལས་ཁང་གི་མགོ་བ་ལྷ་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར།

ཉིས་སྟོང་བཅོ་བརྒྱད་ལོར། གཅན་ཚ་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་ང་ཚོ་ཁྱིམ་ཚང་ཉི་ཤུ་ཡིས་མཉམ་ལས་ཁང་འདི་འདྲ་ཞིག་བཙུགས་པ་ཡིན། སྡོང་བོ་བཙུགས་ནས་ཡུར་མ་ཡུར་དགོས། ལོ་གཅིག་གི་ནང་ཡུར་མ་ཐེངས་བཞི་ནས་ལྔ་ཡུར་དགོས། དབྱར་ཁ་ཆུ་ཐེངས་མ་གསུམ་དང་དགུན་ཁ་འཁྱག་ཆུ་ཐེངས་གཉིས་བསྡོམས་པས་ཐེངས་ལྔ་གཏོང་དགོས། ཉིས་སྟོང་བཅུ་དགུའི་ལོར་སྡོང་ཕྲུག་རྫོགས་ནས་དོ་རྒྱའི་རི་ཁ་ན་ས་མུའུ་བཞི་བརྒྱར་བཙུགས་ཡོད་པ་དང་། ལྕགས་ར་ཡང་བསྐོར་ཡོད། མུའུ་རེར་ཡོང་འབབ་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ཡོད། འགྲོ་སོང་ཚང་མ་ཕུད་རྗེས་ཁྱིམ་ཚང་རེར་སྒོར་ཁྲི་ལྷག་གི་ཡོང་འབབ་ཡོད་ཀི

བདེ་སྐྱིད་གྲོང་ཚོའི་སྡོང་ཕྲུག་གསོ་སྤེལ་ར་བ། 

སྡོང་ཕྲུག་འདེབས་སར་ཡུར་མ་ཡུར་བཞིན་པ། 

དེ་མིན་ཧྭ་ནུན་སྡེ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས། བདེ་སྐྱིད་གྲོང་ཚོའི་གནས་སྤོར་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་གིས་ཉི་འོད་ནུས་པའི་དབུལ་སྐྱོར་ལས་གཞི་འཕེལ་རྒྱས་སུ་བཏང་། དེ་ལས་ཁྱིམ་ཚང་རང་གི་གློག་བཀོལ་གནད་དོན་ཐག་གཅོད་བྱས་ཡོད་པར་མ་ཟད། ཟླ་རེ་བཞིན་དུ་གློག་ལྷག་མ་རྒྱལ་ཁབ་གློག་དྲར་བཙོང་ཆོག་པས། ལོ་རེར་ཁྱིམ་ཚང་རེར་སྒོར་སྟོང་བཞིའི་ཡན་གྱི་གཏན་འཇགས་ཡོང་འབབ་བསྐྲུན་ཡོད། བདེ་སྐྱིད་གྲོང་ཚོའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་དཔོན་གཉིས་ཀྱིས་ཚེ་རིང་ཚང་ལ་ཉི་གློག་ལས་ཡོང་འབབ་ག་ཚོད་ཐོབ་ཡོད་པར་ལྟ་བཞིན་འདུག

སྡེ་དཔོན་ཁྱོས་འདི་ལ་ཅིག་བལྟ་རྒྱུ་ན། ཁྱོས་བལྟས་ར་ངས་བཤད། ཚེ་རིང་ཚང་རེད་མོ། རེད་ཚེ་རིང་ཚང་རེད། ད་རག་བར་སྒོར་མོ་ག་ཚོད་བཙལ་ཡོད་པར་ཅིག་བལྟ། སྟོང་ལྔ་དང་ལྔ་བརྒྱ་ར་དོན་གཅིག་རེད། ཏུའུ་གཅིག་ལ་ཟུར་ལྔ་རེ་ཡིན་ནི་རེད། དེ་ཡིན་ན་སྒོར་མོ་སྟོང་གཉིས་དང་བདུན་བརྒྱ་བཙལ་ཡོད་ཀི ཟླ་བཞི་བ་ནས་ད་རག་བར་རེད།

སྡེ་སྡོད་ཧྲུའུ་ཅི་དང་སྡེ་དཔོན་གཉིས་ཀྱིས་ཚེ་རིང་ཚང་ལ་ཉིག་གློག་ལས་ཡོང་འབབ་ག་ཚོད་ཡོད་པར་ལྟ་བཞིན་པ། 

སྤྲོ་སྐྱིད་གླིང་གི་ཟུར་ཞིག

སྤྲོ་སྐྱིད་གླིང་གི་ཚོང་ཁང་།

རྨ་ཀླུང་རིང་མོའི་འགྲམ་དུ་བརྗིད་ཉམས་ཀྱིས་ཆགས་ཤིང་མང་ཚོགས་ཀྱི་སེམས་འཛིན་དུ་གྱུར་བའི་བདེ་སྐྱིད་གྲོང་ཚོའི་མཛེས་ལྗོངས་ས་ཁུལ་དེ་འཛུགས་སྐྲུན་བྱས་པའི་ཚུན་ལ། ཉིས་སྟོང་བཅོ་བརྒྱད་ལོར་གནས་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔར་སླེབས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ལྔ་གཅིག་སྐབས་སུ་འགྲུལ་བ་མི་ཐེངས་ཁྲི་གཉིས་དང་སྟོང་གཉིས་སྣེ་ལེན་བྱས་ཏེ། ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ལ་སླེབས་ཡོད། དེ་ལས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཡིད་ཆེས་བསྩལ་ཡོད། གྲོང་ཚོའི་ནང་སྤྲོ་སྐྱིད་གླིང་གཉེར་བཞིན་པའི་གཅོད་པ་སྐྱིད་ཀྱིས་བཤད་རྒྱུར།

སྔོན་ཆད་ལམ་ཡང་མི་བཟང་གི གློག་མེད་ཀི ཆུ་ཡང་ཁུར་ཐག་རིང་། གནས་འདིར་ཡོང་ནས་ཧ་ཅང་བཟང་གི ཆུ་གློག་ལམ་གསུམ་གང་ཡིན་ཡང་སྟབས་བདེ་ཀི སློབ་གྲྭའང་སྟབས་བདེ་རེད། ཡོང་འབབ་ཅིག་བཙལ་ནའང་དེ་བཞིན་བཟང་གི བྱིས་པ་ཆེ་བ་གཉིས་སློབ་ཆེན་ན་ཡོད། ཆུང་བ་སློབ་འབྲིང་ན་ཡོད། ཁྱོ་ཀས་ཕྱི་ནས་ཡོང་འབབ་བཙལ་བ་དང་ངས་འདི་ནས་སྒོར་མོ་འགའ་བཙལ་ན། ད་ལྟ་ཧ་ཅང་བཟང་གི

མཛེས་སྡུག་ལྷུན་གྱིས་གྲུབ་པའི་བདེ་སྐྱིད་གྲོང་ཚོ་དེ་ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཁབ་ཞིང་ལས་ཞིང་སྡེ་པུའུ་ཡིས་སྡེ་སྐྱིད་གྲོང་ཚོ་ཀྲུང་གོའི་མཛེས་པའི་སྤྲོ་གསེང་གྲོང་ཚོ་རུ་བདམས་པ་དང་། ཉིས་སྟོང་བཅུ་དགུ་ལོར་ཀྲུང་གོའི་སྐྱེ་ཁམས་རིག་གནས་མཐུན་ཚོགས་ཀྱི་རྒྱལ་ཡོངས་སྐྱེ་ཁམས་རིག་གནས་གྲོང་ཚོ་དང་། ལོ་དེར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ད་རུང་ཀྲུང་གོའི་གྲངས་ཉུང་མི་རིགས་ཁྱད་ལྡན་གྲོང་ཚོར་བདམས་པར་མ་ཟད། ཉིས་སྟོང་ཉི་ཤུའི་ལོར་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་ནགས་ཚལ་གྲོང་ཚོ་རུ་བདམས་པ་དང་། ཞིང་ཆེན་ཡོངས་ཀྱི་གནས་སྤོར་བཀོད་སྒྲིག་དཔེ་སྟོན་ས་ཁུལ་དང་ཀ་གསུམ་རིམ་པའི་མཛེས་ལྗོངས་སུ་བདམས་ནས། སྐྱེ་ཁམས་ཁོར་ཡུག་མཛེས་པ་དང་ཐུན་མིན་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་མཛེས་ལྗོངས་སྡེ་བར་གྱུར་ཡོད།

འབྲུ་རིགས་སྣ་ཚོགས་ལས་ཐོན་པའི་ངོ་མཚར་རི་མོ། 

བདེ་སྐྱིད་གྲོང་ཚོ་དེ་མ་འོངས་པའི་ཕྱུག་འགྱུར་དང་འཕེལ་རྒྱས་ཀྱི་ལམ་ཁ་ཡངས་པོར་ཕྱོགས་པའི་བརྒྱུད་རིམ་ཁྲོད་དུ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དམ་འཛིན་བྱེད་པ་དང་། དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པའི་དུས་ཡུན་རིང་བོའི་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱེད་པར་རྩེ་གཅིག་ཏུ་གཞོལ་བའི་འཆར་གཞི་ཡོད་ལ། གྲོང་ཚོ་དེའི་མ་འོངས་པའི་འཚོ་བ་སྔར་ལས་སྤྲོ་སྐྱིད་ལྡན་སྲིད་པར་ཡིད་ཆེས་ཡོད།


གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། བསོད་ནམས་ཚེ་རིང་།

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།