སྟོན་ཟླ་བརྒྱད་པའི་རྩེ་གཞུང་རྩྭ་ཐང་ནི་སྔོ་ཞིང་མཐའ་ཀླས་ཤིང་། རྩྭ་སའི་མཚམས་མཚམས་སུ་ག་ལེར་གསེར་མདོག་དུ་འགྱུར་བཞིན་ཡོད་ལ་དེས་དགུན་གྱི་གྲང་རླུང་དལ་གྱིས་སླེབས་བཞིན་པ་རང་བཞིན་གྱིས་མངོན་ཡོད། ང་ཚོ་བཅར་འདྲི་ཚན་ཆུང་བོན་བརྒྱ་ཡུལ་ཚོའི་དར་དམར་སྡེ་བར་བསྐྱོད་པ་ཡིན། དར་དམར་སྡེ་བར་ཐོན་མ་ཐག་ཐོག་མར་མིག་ལམ་དུ་མངོན་ཡོང་བ་ནི་ཁང་བ་མང་པོ་གྲལ་སྟར་སྒྲིག་ཡོད་ལ། སྡེ་བའི་ནང་དུ་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། བལྟས་ཚོད་ཀྱིས་ཅི་འདྲའི་སྡེ་བ་གྲལ་དག་ཅིག་རེད་སྙམ་པའི་ཚོར་བ་སྟེར།
དར་དམར་སྡེ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ནུབ་རྒྱུད་དུ་གནས་ཡོད་ལ། སྡེ་བ་དེ་དང་རྩེ་ཁོག་རྫོང་མཁར་བར་དུ་སྤྱི་ལེ་གོ་བདུན་ཡོད་པ་དང་། རྫོང་མཁར་དང་ཅུང་ཐག་རིང་། སྡེ་བ་དེ་ནི2016ལོར་གནས་སྤོར་བྱས་ཏེ་ཡོང་བའི་སྡེ་བ་ཞིག་རེད། དར་དམར་སྡེ་བའི་ཧྲུའུ་ཅི་བསོད་ནམས་དར་རྒྱས་ཀྱིས་སྡེ་བའི་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱེད་རྒྱུར།
༼སྡེ་བ་འདིའི་ཐོན་ཁུངས་གཙོ་བོ་ཕྱུགས་ལས་དང་ཞིང་ལས་གཉེར་ཡོད་ནི་རེད། སྡེ་བ་འདིར་ཁྱིམ་ཚང་སུམ་བརྒྱ་དང་དྲུག་ཅུ་དང་། མི་གྲངས་སྟོང་གཅིག་བཞི་བརྒྱ་ར་གྱ་བདུན་ཡོད་ཀི རུ་ཆུང་བདུན་འདྲ་ཞིག་དང་ཚན་ཆུང་ཉེར་བཞི་ཡོད། དེའི་ནང་ཕྱུགས་ལས་གཉེར་མཁན་དང་ཞིང་ལས་གཉེར་མཁན། ཚོང་ལས་གཉེར་མཁན་བཅས་ཡོད། མི་སྒེར་རང་ཉིད་དང་མཉམ་ལས་ཁང་ལ་བརྟེན་ནས་ཡོང་འབབ་བཙལ་བཞིན་ཡོད། ང་ཚོ་སྡེ་བར་དབུལ་ཁྱིམ་གྱ་གཉིས་ཡོད། དབུལ་ཁྱིམ་མ་ཡིན་པ་བརྒྱ་དང་དྲུག་ཅུ་ཡོད་ནི་རེད། ཐོན་ལས་གཙོ་བོ་མཉམ་ལས་ཁང་ལ་བརྟེན་པ་ཡིན། ན་ནིང་ང་ཚོས་མཉམ་ལས་ཁང་དང་དབུལ་སྐྱོར་ཐད་ནས་སྒོར་འབུམ་བདུན་དང་ཁྲི་ལྔ་ལྷག་བགོ་བཤའ་བྱས་ཡོད། དེ་ནི་ཡོང་འབབ་གཙོ་བོ་ཡིན། བྱིས་སྐྱོང་ཁང་སྡེ་བའི་ནང་དུ་ཡོད་པས་བྱིས་པ་སློབ་གྲྭ་བསྐྱལ་བར་ཐག་ཉེ་ནི་རེད། སྡེ་བའི་སྨན་ཁང་རྩུབ་ན་ཡོད་པས་ནད་ལ་སྟོན་པར་སྟབས་བདེ་རེད། ངེད་ཚོ་དབུལ་ཕོངས་སྡེ་བར་རོགས་རེས་མ་དངུལ་ཟེར་བའི་མ་དངུལ་ས་ཡ་གཅིག་ཡོད་པ་དང་། དེ་ནི་དངུལ་ཁང་ཆུང་ཆུང་ཞིག་ཡིན། དབུལ་ཁྱིམ་གྱ་བདུན་པོར་དེའི་ནང་ཞུགས་པའི་གླ་ཡོན་མི་དགོས་པ་དང་། རེས་སྐོར་ནས་མ་དངུལ་དེ་ལོངས་སུ་སྤྱད་ཆོག མ་དངུལ་དེའི་སྐྱེད་ཀ་དམའ་བས། མང་ཚོགས་ཀྱི་དགའ་བསུ་ཆེས་ཆེར་བྱེད་བཞིན་ཡོད། དེའི་ཕན་ཆད་ནས་ངེད་ཚོ་སྡེ་བར་ཆུ་གློག་ལམ་གསུམ་དང་འདུག་ཁང་སྡོད་ཁང་སོགས་ལ་དཀའ་ཁག་ཡོད་ནི་མ་རེད།༽
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དར་རྒྱས་ཀྱིས་སྡེ་བའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།
དར་དམར་སྡེ་བའི་ཏང་དམངས་ཞབས་ཞུ་ལྟེ་གནས།
2016ལོ་ནས་བཟུང་དབུལ་སྐྱོར་ཐོན་ལས་ཐད་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བཞི་ལྷག་བཏང་ནས་དར་དམར་སྡེ་བའི་བོད་ལུག་ནུས་ཆེའི་གསོ་སྤེལ་རྟེན་གཞི་དང་དར་དམར་སྡེ་བའི་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་རྟེན་གཞིའི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་གཉིས་སྔ་རྗེས་སུ་བསྐྲུན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་ལྷག་ཙམ་བཏང་ལ། སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་བརྒྱ་དང་དྲུག་ཅུ་ལ་ཁང་བ་དང་ཆུ་གློག་ལམ་གསུམ་གྱི་ལས་གཞི་འཛུགས་སྐྲུན་བྱས་ཡོད།འབྲོག་པ་རྣམས་སྡོད་ཁང་གསར་པར་སྤོ་བ་དང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། སྡེ་བའི་རིག་གནས་ཐང་ཆེན་དང་འཕྲོད་བསྟེན་ཁང་། ཚད་ལྡན་ཅན་གྱི་གསང་སྤྱོད་སོགས་སྡེ་བའི་ཁྲོམ་གཞུང་མཛེས་བཟོ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། གནད་འཁེལ་དབུལ་སྐྱོར་གྱི་ཐད་ཕན་འབྲས་མི་དམན་པ་ཐོན་ཡོད།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་དར་རྒྱས་ཀྱིས་བཤད་རྒྱུར། སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བས་ཕྱི་རུ་ཞོར་ལས་བྱེད་མཁན་མི་ཉུང་བ་ཞིག་ཕྱིར་ལོག་བཞིན་ཡོད་པ་དང་། སྡེ་བ་དར་རྒྱས་སུ་གཏོང་དགོས་ན་ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་བཅོས་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་སྡེ་བའི་ནང་བསམ་པའི་དཔལ་ཡོན་ཇེ་ལེགས་སུ་གཏོང་དགོས། ལོ་འདི་དག་གི་རིང་ལ་སྡེ་བའི་ནང་སྡེ་སྲོལ་དམངས་ཆིངས་བཙུགས་པ་དང་། དེས་སྤྱི་ཚོགས་བདེ་འཇགས་དང་སྡེ་བའི་ཡུལ་སྲོལ་དམངས་སྲོལ། ཁྱིམ་མཚེས་བར་གྱི་འབྲེལ་བ། གཉེན་སྒྲིག་དང་དེ་བཞིན་ཁོར་ཡུག་འཕྲོད་བསྟེན་བཅས་ཕྱོགས་ལྔ་ནས་གཏན་འབེབས་ཞིབ་ཕྲ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་བཏང་ཡོད།
དར་དམར་སྡེ་བ་ལ་གཞན་ལས་ཁྱད་དུ་འཕགས་པའི་ཞབས་ཞུ་ལྟེ་གནས་དང་སྤྱི་ཕན་ལས་གནས་གཉིས་ཡོད། ཞབས་ཞུ་ལྟེ་གནས་ཀྱི་ལས་སྒྲུབ་པ་རྣམས་ནི་སློབ་ཆེན་མཐར་ཕྱིན་པའི་དང་བླངས་པ་དག་ཡིན་ལ། ཁོ་ཚོས་མང་ཚོགས་ལ་ཕྱོགས་ཀུན་ནས་རོགས་སྐྱོར་བྱེད་བཞིན་ཡོད། སྡེ་བའི་སྤྱི་ཕན་ལས་གནས་ནི་ཚན་པ་བདུན་གྱིས་གྲུབ་པ་ཞིག་ཡིན་ལ།གཅིག་ནི་ཁོར་ཡུག་སྲུང་སྐྱོབ་པ་ཡིན་པ་དང་། དེའི་ཁྲོད་མི་ང་བརྒྱད་ཡོད། ཁོ་ཚོས་བྱ་བ་གཙོ་བོ་ནི་སྡེ་བའི་རྩྭ་ས་སྲུང་སྐྱོབ་དང་ས་གནས་གང་དུ་ས་བརྐོ་རྡོ་སློག་བྱེད་མཁན་ཡོད་མེད་ལ་བལྟ་རྒྱུ་དེ་རེད། རྒྱུ་མཚན་ནི་རྩྭ་ས་ས་ནག་ཏུ་གྱུར་ཚེ་སྐྱེ་ཁམས་ལ་གནོད་པ་ཆེན་པོ་ཐེབས་སྲིད་པའི་རྐྱེན་རེད། དེ་ནས་གློག་དང་ལམ། ཆུ། སྲང་ལམ་གྱི་གད་སྙིགས་ལ་ལྟ་མཁན།སློབ་མ་སློབ་བྱོལ་ལ་ལྟ་མཁན། མེ་དགྲའི་ཉེན་ཁ་ལ་ལྟ་མཁན། སྡེ་བའི་ཁྱིམ་ཚང་གི་དཀའ་ངལ་ལ་ལྟ་མཁན་བཅས་ཡོད་པས། སྡེ་བའི་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ཕྱོགས་གང་ཅིའི་ཐད་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད།
ང་ཚོ་སྲིད་གཞུང་གི་ཞབས་ཞུ་ལྟེ་གནས་སུ་ཐོན་པ་ན། སྡེ་མི་འགའ་ཡིས་ཞབས་ཞུ་ལྟེ་གནས་སུ་བྱ་བ་སྒྲུབ་བཞིན་ཡོད་ལ། བལྟས་ཚོད་ཀྱིས་དེ་ནི་མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་མིང་དོན་གཉིས་མཚུངས་ཀྱི་སྟེགས་བུ་ཞིག་ཡིན་པ་ཤེས་ཐུབ། དེ་ནས་ང་ཚོའི་ཞབས་ཞུ་ལྟེ་གནས་སུ་ཡིག་ཆ་འབྲི་རུ་ཡོང་བའི་བགྲེས་པོ་ཚེ་དབང་རྒྱལ་ལ་ཁ་བརྡ་ཞིག་བྱས་པ་ན། ཁོས་བཤད་རྒྱུར།
༼ང་དེ་རིང་བདེན་དཔང་ཞིག་འབྲི་རུ་ཡོང་བ་ཡིན། སྔོན་ཆད་འདི་འདྲའི་ཞབས་ཞུ་ལྟེ་གནས་མེད་ཀི མང་ཚོགས་ཀྱིས་དོན་དག་འདྲ་བསྒྲུབ་ནའང་དཀའ་ཁག་ཆེ་ནི་རེད། དེང་སང་ངོ་མ་སྟབས་བདེ་རེད། ཞབས་ཞུ་ལྟེ་གནས་འདི་འདྲ་ཞིག་ཡོད་ན། དོན་དག་ཆེ་མ་ཆུང་གསུམ་བསྒྲུབ་ཐུབ་ཀི མང་ཚོགས་ཀྱི་དཀའ་ཁག་སེལ་ཐུབ་ཀི ༽
སྡེ་བ་ཞིག་ཏུ་འདི་འདྲའི་ཞབས་ཞུ་ལྟེ་གནས་ཡོད་པའི་སྡེ་བ་ཧ་ཅང་དཀོན་ལ། འདིས་ས་གནས་མང་ཚོགས་ལ་ཡང་ཕན་བདེ་མང་པོ་བསྐྲུན་དང་སྐྲུན་བཞིན་མཆིས། ཞབས་ཞུ་ལྟེ་གནས་སུ་ལས་གཉེར་བྱེད་བཞིན་པའི་དང་བླངས་པ་རྨ་ཆེན་རྒྱལ་ནི་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཕྱིར་རང་སྡེ་བའི་ནང་དུ་ཡོང་སྟེ་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ནས་ལོ་གཉིས་ཙམ་འགོར་ཡོད། ཁོས་རང་གི་སེམས་འདུན་ངོ་མ་དེ་གླེང་བྱུང་།
༼ང་མཚོན་ན། ས་གནས་འདི་ནས་སྐྱེས་པའི་མི་ཞིག་ཡིན། ས་གནས་འདིར་རང་གི་ཐུབ་ཚོད་ནུས་ཚོད་ཀྱིས་ཞབས་ཞུ་རེ་བསྒྲུབས་ན། རང་ཉིད་ཆེས་དགའ་འོས་པའི་དོན་ཞིག་རེད། ཡུལ་འདིའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དམའ་བས། ཏང་ཀྲི་པུའུ་ཧྲུའུ་ཅི་ལའང་དཀའ་ཁག་མི་ཉུང་བ་ཞིག་ཡོད་ཀི དེར་རོགས་རམ་ཙམ་བྱེད་ཐུབ་ན་རང་གི་ཕ་ཡུལ་ལ་ཞབས་ཞུ་ཅུང་ཟད་བསྒྲུབ་ཐུབ་སོང་ནི་རེད། མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་བས། བདེན་དཔང་ཙམ་ཡང་འབྲི་བར་དཀའ་ཁག་ཡོད་ཀི ང་ཚོས་འདིའི་ཕྱོགས་ལ་སྟབས་བདེ་རེ་བསྐྲུན་པ་ཡིན། ཡུལ་ཚོའི་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་བརྡ་ཁྱབ་སོགས་མང་ཚོགས་ལ་ཁ་གཏད་ནས་བོད་སྐད་ཀྱི་ལམ་ནས་གོ་བརྡ་སྤྲོད་པ་ཙམ་ཡིན། ཞབས་ཞུ་ལྟེ་གནས་འདིར་མཚོན་ན། མང་ཚོགས་ཀྱི་ཡིག་ཆ་རེ་འབྲི་བ་སོགས་གང་ཡིན་ཡང་སྟབས་བདེ་ཆེན་པོ་ཞིག་བསྐྲུན་ཡོད་པས། ཞབས་ཞུ་ལྟེ་གནས་འདི་དར་དམར་སྡེ་བར་མཚོན་ན་དགའ་འོས་པའི་དོན་དག་ཅིག་རེད།༽
གོང་གསལ་གྱི་ཆ་རྐྱེན་དག་ལས་དར་དམར་སྡེ་བ་དབུལ་ཐར་བྱས་རྗེས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཚོར་ཐུབ། 2017ལོར་སྤྱི་ཡོངས་ནས་དབུལ་ཐར་བྱས་རྗེས། དར་དམར་སྡེ་བས་བླངས་ཟིན་པའི་གྲུབ་འབྲས་ལ་ཡིད་ཚིམས་ནས་མ་བསྡད་པར་མུ་མཐུད་དུས་བསྟུན་མདུན་སྐྱོད་བྱས་ཏེ། སྡེ་བ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་། ཐོན་ལས་དར་རྒྱས་དང་སྐྱེ་ཁམས་ལ་འཚམ་པ། ཡ་རབས་ཡུལ་སྲོལ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་དབུལ་ཐར་བྱས་རྗེས་ཀྱི་སྡེ་བའི་འཕེལ་རྒྱས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།
ཐོན་ལས་ནི་དར་དམར་སྡེ་བའི་ཆེས་ཆེ་བའི་རྒྱབ་རྟེན་ལྟ་བུར་གྱུར་ཡོད་ལ། ཐོན་ལས་མེད་ན་མང་ཚོགས་ལ་ཡོང་སྒོ་ཆེན་པོ་མེད་པས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རྒྱུན་ལྡན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག དེང་རབས་ཀྱི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། སྔོ་ཚལ་འདེབས་སའི་དྲོད་ཁང་ཆེན་པོ་བཅུ་གཅིག་ལས་པ་དང་། གཞི་རྒྱ་ཆེན་པོས་ནས་འདེབས་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད་པས། རོང་འབྲོག་ཁྱིམ་ཚང་དང་མཉམ་ལས་ཁང་། ཁེ་ལས་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་ལ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་དང་རྩྭ་ཕྱུགས་མཉམ་འགུལ་གྱི་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་ཀྱིས་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་བཏང་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པས་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་འགྲོ་བཞིན་འདུག
དར་དམར་སྡེ་བའི་གཟེངས་རྟགས་སྣ་ཚོགས།
དར་དམར་སྡེ་བ་ཕྱོགས་སྣ་ཀུན་ནས་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད་ལ། མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུ་སྟེགས་བུ་དེ་ལྟ་བུ་ཡོད་པས།མ་འོངས་པའི་མདུན་ལྗོངས་སྔར་ལས་རྒྱ་ཆེ་ལ། འོད་སྟོང་འབར་བའི་ལམ་ཆེན་ཞིག་ཏུ་བསྙེག་པར་བརྩོན་བཞིན་ཡོད་པས། ཁོ་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཚོལ་བར་ཡང་ཐབས་ལམ་རྒྱ་ཆེན་པོ་ཡོད་སྲིད་པ་ཤ་སྟག་རེད།
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། བསོད་ནམས་ཚེ་རིང་།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།